དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི།

    ཐང་ཧུང་པོར“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་ཐང་ཧྲེང་ཅེ་དང་ཅང་ཤིན་ལིན་ལ“དཔའ་བོའི་འཇིག་རྟེན་འཕུར་སྐྱོད་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

    (2024ལོའི་ཟླ་7ཚེས་26ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-29

    2023ལོའི་ཟླ་10ཚེས་26ཉིན། ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཤིན་ལིན་བཅས་འཕུར་གྲུར་བསྡད་དེ་མཁའ་མཐུན་ལྟེ་ཚང་ནང་བདེ་བླག་ངང་འཛུལ་ཏེ། འཁོར་ལམ་དུ་ཟླ་བ་6བསྡད་པ་མ་ཟད། སྔ་རྗེས་སུ་གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་2སྤེལ་ནས་ལྗིད་ཁོག་དངོས་ཟོག་རླུང་འགག་གྲུ་ཚང་ནས་འདོན་པའི་ལས་འགན་ཐེངས་8ལག་བསྟར་བྱས་ཏེ། བར་སྣང་ས་ཚིགས་འཛུགས་སྐྲུན་རིམ་སྤོར་སྲུང་སྐྱོང་ཉམས་བཟོའི་ལས་འགན་ཁག་50ལྷག་ཙམ་ལེགས་སྒྲུབ་བྱས་པ་དང་འབྲེལ། བར་སྣང་ཚན་རིག་ཚོད་ལྟ་དང་བཀོལ་སྤྱོད་ལྗིད་ཁོག་འཁོར་ལམ་ཚོད་ལྟ་ཐེངས་བརྒྱ་ཙམ་བྱས་ནས། 2024ལོའི་ཟླ་4ཚེས་30ཉིན་བདེ་འཇགས་ངང་ལོག་ཡོང་བ་རེད། ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ནི། རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་བར་སྣང་ས་ཚིགས་ཀྱི་བཀོལ་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐེངས་གཉིས་པ་ཡིན་ཞིང་། འཁོར་ལམ་ཐོག་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཀྱི་གྲུ་ཚང་ཕྱི་རོལ་གྱི་སྒྲིག་བཀོད་ཉམས་བཟོ་ཐོག་མར་ལེགས་གྲུབ་བྱུང་ནས། གྲུ་ཚང་ཕྱི་རོལ་དུ་མངོན་པའི་ཚོད་ལྟའི་རྒྱུ་ཆའི་མ་དཔེ་ཁག་དང་པོ་བདེ་བླག་ངང་བླངས་པ་དེ་ཐོག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཐད་གོམ་སྟབས་གསར་པ་སྤོས་པ་མཚོན་ཡོད། དེས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། དེའི་ནང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་པ་དང་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ནུས་འདུས་ཡོད། བློ་མཐུན་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཤིན་ལིན་བཅས་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་མི་ཡིན་པ་དང་། ཁོང་ཚོས་སེམས་པ་ཏང་ལ་ཕྱོགས་པ་དང་། ལྷག་བསམ་རྣམ་དག་ངང་ལས་འགན་སྒྲུབ་པ། དཀའ་ཉེན་ལ་མི་སྐྲག་པ། འབད་འཐབ་ཧུར་ཐག་བཅས་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། བློ་མཐུན་ཐང་ཧུང་པོ་ལོ་གཉིས་སོང་རྗེས་སླར་ཡང་བར་སྣང་དུ་བསྐྱོད་པ་དང་འབྲེལ། བཀོད་འདོམས་པའི་འགན་ཁུར་ནས་བར་སྣང་ས་ཚིགས་སུ་བསྐྱར་ལོག་བྱེད་མཁན་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་ཏེ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་འཁོར་ལམ་དུ་འཕུར་སྐྱོད་དུས་ཚོད་རིང་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། བློ་མཐུན་ཐང་ཧྲེང་ཅེ་ནི་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྦྱོང་བརྡར་བྱེད་མཁན་ཞིག་ཡིན་ཞིང་། མིག་སྔར་མཁའ་དབྱིངས་སུ་སྐྱོད་མཁན་རང་རྒྱལ་གྱི་ལོ་ན་གཞོན་ཤོས་ཀྱི་འཇིག་རྟེན་འཕུར་སྐྱོད་པ་ཞིག་ཡིན་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཁག་གསུམ་པའི་ཁྲོད་ཀྱི་གྲུ་ཚང་ནས་དོན་པའི་བྱེད་སྒོ་སྤེལ་མཁན་འཇིག་རྟེན་འཕུར་སྐྱོད་ཀྱི་ཁ་ལོ་བ་དང་པོར་གྱུར་ཡོད། བློ་མཐུན་ཅང་ཤིན་ལིན་གྱིས་གྲུ་ཚང་ཕྱི་རོལ་གྱི་ཉམས་བཟོའི་ལས་ཀ་བྱེད་མཁན་གཙོ་བོའི་འགན་ཁུར་ཞིང་། ལག་རྩལ་བྱང་ཆུབ་ཅིང་བབ་བརླིང་ལྡན་པའི་མཁའ་དབྱིངས་སུ་འཕུར་ཐེངས་དང་པོར་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད། ཁོང་ཚོས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གཏོད་པར་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བློ་མཐུན་ཐང་ཧུང་པོར“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ཐང་ཧྲེང་ཅེ་དང་ཅང་ཤིན་ལིན་ལ“དཔའ་བོའི་འཇིག་རྟེན་འཕུར་སྐྱོད་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

    བློ་མཐུན་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཤིན་ལིན་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་དུས་རབས་ཀྱི་གདོང་ལེན་པ་དང་། འཇིག་རྟེན་ཁམས་འཚོལ་ཞིབ་དང་། བར་སྣང་གི་ཕུགས་འདུན་འགྲུབ་པ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་བྱེད་པའི་དཔེ་དམག་དང་མིག་དཔེ་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པ་མིག་དཔེར་འཛིན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། འབད་བརྩོན་ལྷོད་མེད་དང་མཐོ་སར་འཛེགས་ཕོད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་ཞུམ་མེད་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་26ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།