ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1189.45ཟིན་པ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་2024ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རང་ལྗོངས་ཀྱིས་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཁུར་བླངས་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་མགྱོགས་པོ་ཡོང་བ་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་པས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1189.45ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་6.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་62.15ཟིན་པ་དེ་དུས་མཚུངས་ལས་16.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་468.33ཟིན་པ་དེ་དུས་མཚུངས་ལས་13.0%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་658.97ཟིན་པ་དེ་དུས་མཚུངས་ལས་1.8%འཕར་ཡོད་པ་རེད།
རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཕིང་གིས་ངོ་སྤྲོད་བྱས་དོན། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་ཞིང་ལས་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་84.68ཟིན་པ་དེ་དུས་མཚུངས་ལས་16.6%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་མགྱོགས་སུ་ཕྱིན་ནས་འཕར་ཐང་དུས་མཚུངས་ལས་19.7%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་8.6%འཕར་བ། ཆུ་ཤུགས་དང་ཉི་ནུས་གློག་གཏོང་ཚད་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་གློག་གཏོང་ཚད་ཀྱི་བསྡུར་ཚད་97.3%བཟུང་ཡོད། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་བརྟན་པོ་འཕར་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཀར་འཇུག་ལས་རིགས། སྦྲག་སྲིད་ལས་རིགས་བཅས་22.4%འཕར་ནས་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་བརྒྱ་ཆའི་གྲངས་5.4འཕར་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།