དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་ཝང་ཧུའུ་ཉིང་ཝེ་ཐེ་ནམ་དུ་ཕེབས་ནས་རོན་ཕུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-28

    ཟླ7ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ7ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་པ་མ་ཟད། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་དེ་བཞིན་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་སོགས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་མི་སྣ་དང་མཇལ་འཕྲད་གནང་བ་རེད།

    མྱ་ངན་ཞུ་བའི་བྱེད་སྒོ་ཝེ་ཐེ་ནམ་རྒྱལ་ཁབ་ཞུགས་འབུལ་ཁང་དུ་འཚོགས་པ་རེད། རོན་ཕུའུ་ཀྲུང་གི་པུར་སྒམ་མེ་ཏོག་སོས་པའི་དཀྱིལ་དུ་བཞག་ཡོད་པ་དང་དེའི་ཐོག་ཝེ་ཐེ་ནམ་གྱི་རྒྱལ་དར་ཆེན་པོ་ཞིག་གིས་བཀབ་ཡོད་ཅིང་། ཡུལ་དངོས་སུ་སྒམ་བརླིང་གཟབ་ནན་གྱི་རྣམ་པ་ལྡན་ཡོད། ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་ཐོག་ནས་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། རོན་ཕུའུ་ཀྲུང་གི་པུར་སྒམ་མདུན་དུ་བཞེངས་ནས་ངག་བསྡམས་མྱ་ངན་ཞུས་པ་དང་གུས་འདུད་ལན་གསུམ་ཞུས་པ་མ་ཟད། རོན་ཕུའུ་ཀྲུང་གི་སྐུ་ཟླ་ཝུའུ་ཧྲི་རྨིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་དང་མྱ་ངན་ཞུ་དེབ་ཐོག་ལན་འཕྲིན་ཡང་བཞག་གནང་བ་རེད།

    སུའུ་ལིན་སོགས་ཝེ་ཐེ་ནམ་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་དང་མཇལ་འཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་བསྟན་དོན། བློ་མཐུན་རོན་ཕུའུ་ཀྲུང་སྟབས་མ་ལེགས་པར་སྐུ་གཤེགས་པར་ང་ཚོ་སེམས་སྡུག་ཆེན་པོ་བྱུང་། བློ་མཐུན་རོན་ཕུའུ་ཀྲུང་སྐུ་གཤེགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ཀྲུང་གོར་བཅའ་སྡོད་ཝེ་ཐེ་ནམ་གཞུང་ཚབ་ཆེ་མོ་ཁང་དུ་མྱ་ངན་ཞུ་བར་ཕེབས་པ་དང་ཀྲུང་གུང་ཀྲུང་དབྱང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ཡོད། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཉིད་ཁོང་གི་དམིགས་བསལ་སྐུ་ཚབ་ཏུ་མངགས་ནས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་མྱ་ངན་ཞུ་བར་བཅར་བ་ཡིན། དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་རོན་ཕུའུ་ཀྲུང་ལ་མྱ་ངན་ཟབ་མོ་ཞུ་ལུགས་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་དང་བློ་མཐུན་རོན་ཕུའུ་ཀྲུང་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་སླར་ཡང་མཚོན་ཡོད། དམིགས་བསལ་གྱི་དུས་སྐབས་འདིར་ཀྲུང་གོའི་ཏང་དང་མི་དམངས་ཀྱིས་ཝེ་ཐེ་ནམ་གྱི་ཏང་དང་མི་དམངས་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ཡོད།

    ཝང་ཧུའུ་ཉིང་གིས་བསྟན་དོན། བློ་མཐུན་རོན་ཕུའུ་ཀྲུང་ནི་བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་པ་དང་། ཝེ་ཐེ་ནམ་གུང་ཁྲན་ཏང་དང་ཝེ་ཐེ་ནམ་མི་དམངས་ཀྱི་རླབས་ཆེ་བའི་འགོ་ཁྲིད་པ། ཀྲུང་གོའི་མི་དམངས་ཀྱི་རླབས་ཆེ་བའི་གྲོགས་པོ་བཅས་ཡིན། ཁོང་སྐུ་གཤེགས་པ་ནི་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ཐ་ན་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་གི་ངོས་ནས་བརྗོད་ན་གྱོང་གུན་ཆེན་པོ་ཞིག་རེད།

    ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཝེ་ཐེ་ནམ་ཏང་གིས་ཝེ་ཐེ་ནམ་མི་དམངས་ཀྱི་སྣེ་ཁྲིད་དེ་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་། ཝེ་ཐེ་ནམ་གྱི་གསར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཝེ་ཐེ་ནམ་གུང་ཁྲན་ཏང་གིས་བློ་མཐུན་རོན་ཕུའུ་ཀྲུང་གི་ཏང་སྐྱོང་རྒྱལ་སྐྱོང་གི་དགོངས་པ་དང་འདུ་ཤེས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ངེས་རེད་ལ། ཝེ་ཐེ་ནམ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ངེས་ཀྱང་རེད།

    ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་སེམས་ནུས་མང་པོ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་ལྷིང་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པའི་མཐོ་ཚད་གསར་པ་ཞིག་ལ་མཐོར་འདེགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ན་ནིང་ཝེ་ཐེ་ནམ་དུ་འཚམས་འདྲི་གནང་བར་ཕེབས་སྐབས་གྲོས་མཐུན་བྱུང་བའི་ཕྱོགས་གཉིས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་མཐོ་རིམ་དབར་འགྲོ་འོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་མཐུན་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཏིང་ཟབ་ཏན་ཏིག་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    ཝེ་ཐེ་ནམ་ཕྱོགས་ཀྱིས་བསྟན་དོན། བློ་མཐུན་རོན་ཕུའུ་ཀྲུང་སྐུ་གཤེགས་རྗེས། ཀྲུང་གུང་ཀྲུང་དབྱང་གིས་འཕྲལ་དུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ཀྲུང་གོར་བཅའ་སྡོད་ཝེ་ཐེ་ནམ་གཞུང་ཚབ་ཆེ་མོ་ཁང་དུ་མྱ་ངན་ཞུ་བར་ཕེབས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་བློ་མཐུན་ཝང་ཧུའུ་ཉིང་དམིགས་བསལ་སྐུ་ཚབ་ཏུ་མངགས་ནས་ཆེད་མངགས་མྱ་ངན་ཞུ་བར་བཏང་གནང་ཡོད། དེ་ཐོག་ནས་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཝེ་ཐེ་ནམ་གྱི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་བཅངས་པའི་དམིགས་བསལ་གྱི་བརྩེ་དུང་མཚོན་པས་ཝེ་ཐེ་ནམ་ཕྱོགས་ལ་སེམས་འགུལ་ཟབ་མོ་ཐེབས་པ་མ་ཟད། འགོ་ཁྲིད་པ་རྒན་རབས་དང་བློ་མཐུན་རོན་ཕུའུ་ཀྲུང་གིས་གཏན་འཁེལ་གནང་བའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི་ཆོད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན་སོང་། ཀྲུང་གོ་ནི་ཝེ་ཐེ་ནམ་གྱི་ཕྱི་ཕྱོགས་སྲིད་ཇུས་ཁྲོད་སྔོན་བསྟར་ཆ་རྐྱེན་ཚང་མ་འཛོམས་པའི་རྒྱལ་ཁབ་འབའ་ཞིག་དེ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་བློ་མཐུན་རོན་ཕུའུ་ཀྲུང་གིས་གནང་བའི“ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་མཐུན་ཟབ། བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་དགོས་པའི”མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཝེ་ཐེ་ནམ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་བློ་མཐུན་རོན་ཕུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དབར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གཞིར་བཟུང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བྱེད་ཐབས་གལ་ཆེན་བཏོན་པ་དེས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད་ལ། ཝེ་ཐེ་ནམ་གྱིས་གསར་བཅོས་སྒོ་དབྱེའི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་བར་དཔྱད་གཞི་དང་སྒུལ་ཤུགས་གལ་ཆེན་ཡང་མཁོ་འདོན་ཐུབ་རྒྱུ་རེད།

    ཧ་ནོ་དབྱི་རུ་བཞུགས་རིང་ཝང་ཧུའུ་ཉིང་གིས་ད་དུང་ཞལ་ཆད་ལྟར་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པའི་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཁུ་པའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་སོར་དང་མཇལ་འཕྲད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།