དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཀྲུང་གོའི་ཚོང་དོན་སྲིད་ཇུས་ལ་གྲོས་ཞིབ་བྱེད་ཐེངས་དགུ་པ་ཕུན་སུམ་ཚོགས་པོས་མཇུག་འགྲིལ་བ།

    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཀྲུང་གོའི་ལེགས་སྐྱེས་ལ་བསྔགས་བརྗོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧོ།   |     སྤེལ་དུས།  2024-07-26

    ཉེ་ཆར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སུའེ་ཙེར་གྱི་གྲོང་ཁྱེར་རེ་ནེ་ཝ་རུ་ཀྲུང་གོའི་ཚོང་དོན་སྲིད་ཇུས་ལ་གྲོས་ཞིབ་བྱེད་ཐེངས་དགུ་པའི་ཚོགས་འདུ་འཚོགས་པ་རེད། “ཀྲུང་གོའི་དཔལ་འབྱོར་ཕྱི་ཕྱོགས་ཀྱི་འགྲན་སློང་མང་པོའི་མདུན་དུ་མཉེན་ཆ་ཆེན་པོ་མངོན་ཡོད” “ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད” “ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ཕྱོགས་མང་རིང་ལུགས་ཀྱི་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡོད” ཅེས་པ་སོགས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིའི་འཐུས་མིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་རླབས་པོ་ཆེ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཡོངས་ཁྱབ་ངང་བསྔགས་བརྗོད་བྱེད་པ་དང་། ཁོང་ཚོས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་མ་ཟད། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་ཀྱི་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་ཐུབ་པ་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ལི་ཧྥེ་ཡིས་ཀྲུང་གོའི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་གྲོས་ཞིབ་ཚོགས་འདུར་ཞུགས་པ་དང་། ལི་ཧྥེ་ཡིས་འཛམ་གླིང་ཚོང་དོན་རྩ་འཛུགས་ནི་ཕྱོགས་མང་རིང་ལུགས་ཀྱི་ཀ་རྟེན་གལ་ཆེན་ཞིག་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་གར་སྟེགས་གལ་ཆེན་ཞིག་རེད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།

    གྲོས་ཞིབ་ཚོགས་འདུའི་རིང་། ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པས་ཟོལ་མེད་དང་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་ཁོངས་མིས་ཀྲུང་གོའི་དཔལ་འབྱོར་དང་ཚོང་དོན་སྲིད་ཇུས་ལ་དོ་ཁུར་བྱས་པར་བརྡ་ལན་སློག་པ་རེད། ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིར་བརྗོད་དོན། འབྱུང་འགྱུར་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་། སྒོ་དབྱེ་རྒྱ་ཆེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོར་གོ་སྐབས་དེ་བས་མང་བ་སྤྲོད་ཐུབ་པའི་ཡིད་ཆེས་ཀྱིས་ཁེངས་ཡོད།

    ད་ཐེངས་ཀྱི་གྲོས་ཞིབ་ནང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་71གིས་ས་གནས་ས་ཐོག་ཏུ་གཏམ་བཤད་སྤེལ་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཀྲུང་གོའི་ལེགས་སྐྱེས་ལ་བསྔགས་བརྗོད་བྱས་པ་རེད། ཁོངས་མིའི་འཐུས་མིས་ཕྱི་ཕྱོགས་ཀྱི་འགྲན་སློང་མང་པོའི་འོག་ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཆ་ཆེན་པོ་མངོན་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཞིག་རེད། ཀྲུང་གོ་ནི་ཁོངས་མི་མང་པོའི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཤིག་ཡིན་པ་དང་ཉེ་བའི་ལོ་ཤས་རིང་སྒོ་ཁྲལ་དམའ་རུ་གཏོང་བ་དང་། སྒོ་ཁྲལ་གཙང་བཤེར་གྱི་གོ་རིམ་ལེགས་སྒྱུར། བཀག་རྒྱའི་གསལ་ཐོ་འདོན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད་ཅེས་བརྗོད།

    ཁོངས་མིའི་འཐུས་མིས་ཀྲུང་གོས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད་དཔལ་འབྱོར་གྱི་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ཐཱན་ཉུང་ལྗང་མདོག་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཚད་མཐོའི་ཁས་ལེན་བྱས་པ་རེད། ཁོངས་མིའི་འཐུས་མིས་ཀྲུང་གོ་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་གལ་ཆེན་ཞིག་དང་འགན་འཁུར་མཁན་ཞིག་ཡིན་པ་དང་། མ་འཇོག་སྟབས་བདེ་ཅན་དང་དྲ་ཐོག་ཚོང་དོན་གྲོས་མོལ་སོགས་ཀྱི་གྲོས་གཞི་གྲོས་བསྡུར་ལ་སྐུལ་འདེད་གཏོང་བ་དང་། རྩོད་གཞི་ཐག་གཅོད་ལམ་སྲོལ་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པ། གོང་གཏུག་སྒྲིག་གཞི་འཁོར་སྐྱོད་སླར་གསོར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད།

    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའི་ཚོང་དོན་སྲིད་ཇུས་གྲོས་ཞིབ་སིའི་སི་ཀྲང་ཡཱ་ལི་ཧྲན་ཏ·ཁའེ་ཁེ་ཡིས། ཀྲུང་གོ་ཕྱོགས་ཀྱི་ད་ཐེངས་ཀྱི་ཚོང་དོན་སྲིད་ཇུས་གྲོས་ཞིབ་ཀྱི་གྲ་སྒྲིག་ལས་དོན་ཁྲོད་ཀྱི་སྒོ་དབྱེའི་རྣམ་འགྱུར་བཟང་པོ་བཏོན་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཟུར་ཚོགས་འཚོགས་པ་དེས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིས་ཀྲུང་གོའི་དཔལ་འབྱོར་ཚོང་དོན་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་ཡིད་ཆེས་ཆེར་གཏོང་གིས་དོགས་པ་སེལ་བར་སྐུལ་འདེད་གཏོང་བའི་ནུས་པ་ཡག་པོ་ཐོན་པར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཀྲུང་གོ་ཕྱོགས་ནི་ཚོང་དོན་སྲིད་ཇུས་ཀྱི་གྲོས་ཞིབ་ལམ་སྲོལ་སྒྱུར་བཅོས་ཀྱི་གྲུབ་འབྲས་རང་འགུལ་ངང་ལག་བསྟར་བྱེད་མཁན་གྱི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་དང་པོ་དེ་ཡིན་པས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་ཚོང་དོན་སྲིད་ཇུས་གྲོས་ཞིབ་ནང་ཞུགས་པ་དང་ཕན་ཚུན་སྤེལ་རེས་གཏིང་ཟབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བསྔགས་བརྗོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།