དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཕྱོགས་བསྡུས་དཔུང་ཁག་གིས་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་མུ་མཐུད་འབད་འཐབ་བྱེད་པ།

    —— མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆི་ཡུས་ཁུན།   |     སྤེལ་དུས།  2024-07-26

    མིག་སྔ་ནི་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད། ཉིན་ཤས་བསྟུད་མར་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་དང་རྒྱལ་ཁབ་ཀྱི་དཔུང་ཁག་ཡིན་པའི་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཕྱོགས་བསྡུས་དཔུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ། ཉེན་སེལ་རྒུད་སྐྱོབ་ནང་མགྱོགས་མྱུར་ཞུགས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་བཞིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་7ཚེས་23ཉིན་གྱི་ཆུ་ཚོད་15བར་དུ། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཕྱོགས་བསྡུས་དཔུང་ཁག་གིས་འབྲུབ་འགོག་ཉེན་སེལ་ནང་ཐེངས་9903ཞུགས་ཏེ་མེ་ཟོན་རོགས་སྐྱོབ་པ་མི་ཐེངས་125699དང་། རླངས་འཁོར་ཐེངས་24037 གྲུ་གཟིངས་ཐེངས་5813བཅས་བཏང་ནས་མི་38186སྐྱོབ་པ་དང་། ཁ་འགྲེམས་པ། གནས་སྤོ་བཅས་བྱས་པ་རེད།

    འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ“ང་ཏང་ཡོན་ཡིན་པས་ངས་འཐབ་ས་དང་པོར་སྔོན་ལ་སྐྱོད”ཅེས་པ་དེ་རེ་ཞུ་མང་ཤོས་དང་རྒྱུས་མངའ་ཆེ་ཤོས་ཀྱི་སྐད་ཆ་ཞིག་ཏུ་གྱུར་ཡོད།

    ཆུ་རྒྱས་ཚུལ་ཛ་དྲག་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།

    ཟླ་7ཚེས་20ཉིན་གྱི་ཆུ་ཚོད་2དང་སྐར་མ་30ཙམ་ལ། སི་ཁྲོན་གཡག་རྔ་གྲོང་ཁྱེར་ཧན་ཡོན་རྫོང་མཱ་ལེ་ཤང་ཤིན་ཧྭ་གྲོང་ཚོར་དྲག་ཆར་བབས་ནས་གློ་བུར་དུ་ཆུ་ལོག་གི་གནོད་འཚེ་ཐོན་ཏེ་འཕྲིན་གཏོང་ཆད་པ་དང་། འགྲོ་ལམ་དང་ཟམ་པར་གཏོར་སྐྱོན་ཐེབས་ཡོད།

    གནོད་འཚེའི་མདུན་དུ་སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་འཕྲལ་དུ་ས་ཁོངས་སྒྲོལ་བའི་རོགས་སྐྱོབ་སྔོན་ཇུས་ལག་ལེན་བསྟར་ཏེ། རོགས་སྐྱོབ་མི་སྣ་གནས་ཚུལ་ཐོན་ཡུལ་ལ་འཕྲལ་དུ་ཐག་གཅོད་བྱེད་པར་བཏང་བ་རེད།

    གནོད་འཚེ་ཚབས་ཆེན་ཕོག་པའི་ཤིན་ཧྭ་གྲོང་ཚོའི་ཚོགས་ཆུང་3པ་དང་4པར་འཚོལ་སྐྱོབ་བྱེད་སྐབས། དགུ་བཅུའི་ནང་སྐྱེས་ཀྱི་མེ་ཟོན་མི་སྣ་སུན་ཧྭ་ཝུའེ་ཡིས་མི་20ལྷག་ཙམ་གཙང་པོའི་ཕ་རོལ་དུ་ལུས་པ་ཤེས། སུན་ཧྭ་ཝུའེ་དང་རུ་མི་ཚོས་འཕྲལ་དུ་འབྲེང་ཟམ་བརྒྱབ་སྟེ་གཙང་པོའི་ཕ་རོལ་དུ་བསྐྱོད་ནས་མང་ཚོགས་རེ་རེ་བཞིན་བདེ་འཇགས་ངང་གནས་སྤོ་བྱས། ལོ་86ལ་སླེབས་པའི་བགྲེས་སོང་ཝང་ཝུན་ཧྥང་འགྲོ་སྐྱོད་སྟབས་བདེ་མེད་སྟབས་མེ་ཟོན་མི་སྣ་གཉིས་ཀྱིས་ཁོང་སྒལ་པར་ཁུར་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་བསྐྱོད་དེ་བགྲེས་སོང་བདེ་འཇགས་ཁུལ་དུ་བསྐྱལ་བ་རེད།

    རྨས་སྐྱོན་ཕོག་པའི་གྲོང་མིར་འཕྲལ་དུ་འཕྲལ་སྡོམ་སྲོག་སྐྱོབ་བྱེད་ཐབས་སྤྱད་པ་མ་ཟད། འགྱོགས་བྱམས་ཐོག་བཞག་ནས་གནས་སྤོ་ཡང་བྱས་པ་དང་། གྲམ་ཐང་དུ་ལེ་ཏའི་ཚེ་སྲོག་འཚོལ་ཞིབ་ཡོ་བྱད་སྤྱད་དེ་འཚོལ་སྐྱོབ་ལས་དོན་སྤེལ་བ། རྡོ་ཧྲུག་གསེབ་ཀྱི་ཁུག་ཀྱོག་གཅིག་ཀྱང་མ་ལུས་པར་འཚོལ་ཞིབ་ནན་ཏན་བྱས་པ་ལ་སོགས། མེ་ཟོན་རོགས་སྐྱོབ་མི་སྣས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གནས་སྤོས་མི་སྣ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ནས་དུད་ཚང་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད། མིག་སྔར་ཤིན་ཧྭ་གྲོང་ཚོའི་མི་སྣ་འཚོལ་སྐྱོབ་དང་གནོད་འཚེའི་གནས་ཚུལ་གྲལ་བཤེར་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་རེད།

    ཟླ་7ཚེས་22ཉིན། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་4པ་སྟེ“ཕའེ་པི་ཨན”ཞེས་པ་ཧའེ་ནན་དབན་ཉིང་གྲོང་ཁྱེར་ལི་ཅི་གྲོང་རྡལ་གྱི་མཚོ་རྒྱུད་ས་ཁུལ་དུ་ཐོན་ཞིང་། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཕྱོགས་བསྡུས་དཔུང་ཁག་གིས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད། ཀོང་ཏུང་དང་། ཀོང་ཤིས། ཧའེ་ནན་བཅས་ས་ཁུལ་གསུམ་གྱི་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཕྱོགས་བསྡུས་དཔུང་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཞོད་སྐྱོན་ས་ཚིགས་དང་། ས་གཤིས་གནོད་འཚེའི་ཉེན་ཁའི་ས་ཚིགས། རྡོ་སྣུམ་རྫས་འགྱུར་གཅིག་སྡུད་བཅོལ་ཉར་ཁུལ། ཉ་ལས་གྲུ་ཁ། གྲུ་ཁ་སོགས་གཙོ་གནད་ས་ཁོངས་སུ་ཁྱོན་སྔོན་སྒྲུབ་གྲ་སྒྲིག་ས་ཚིགས་14བཙུགས་ནས་མེ་ཟོན་རོགས་སྐྱོབ་མི་སྣ་108དང་མེ་ཟོན་རླངས་འཁོར་18སྔོན་ཚུད་བཅའ་སྡོད་བྱ་རྒྱུར་བཀོད་སྒྲིག་བྱས་པ་རེད། དཀའ་སྡུག་དྲག་པོའི་ཁྲོད་མདུན་སྐྱོད་འབད་འཐབ་བྱེད། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཕྱོགས་བསྡུས་དཔུང་ཁག་གིས་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་། མི་དམངས་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཡོད་དུས་དཔའ་ངར་ཆེན་པོས་གདོང་མཆོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས། “ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་པོ། སྲོག་ཉེན་ལའང་མི་འཛེམ་པ། དམངས་ཆེད་ལྷག་བསམ་རྣམ་དག”བཅས་ཀྱི་དམ་བཅའ་ལག་ལེན་བསྟར་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།