ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་དེ་རྡོ་སོལ་གློག་ལས་ཐོག་མར་བརྒལ་བ།
དྲ་སྦྲེལ་ཉི་ནུས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་7.1ཟིན་པ།
ཚེས་23ཉིན་གསར་འགོད་པར་ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རྒྱལ་ཡོངས་སུ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་1.53གསར་དུ་འཕར་བའི་ནང་གློག་དྲ་སྦྲེལ་ནས་རླུང་གློག་དང་ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་1.28གསར་དུ་འཕར་བ་དེས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་གྱི་84%བཟུང་ཡོད་པ་རེད།
ཟླ་6པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཁྱབ་རྒྱ་ཆེ་བའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་30.7ཟིན་པ་དེ་དུས་མཚུངས་ལས་14.1%འཕར་ཡོད། དེའི་ནང་རྡོ་སོལ་གློག་ཆན་ཝ་དུང་ཕྱུར་11.7ཟིན་པ་དེས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་གྱི་38.1%བཟུང་བ་དང་། དྲ་སྦྲེལ་རླུང་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་4.7ཟིན་པ་དང་དྲ་སྦྲེལ་ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་7.1ཟིན་ནས་བསྡོམས་ཆན་ཝ་དུང་ཕྱུར་11.8ཟིན་ཏེ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་གྱི་38.4%བཟུང་སྟེ། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་དེ་རྡོ་སོལ་གློག་ལས་ཐོག་མར་བརྒལ་བ་དང་གློག་ཤུགས་ཐོན་སྐྱེད་ཀྱི་མཁོ་སྤྲོད་ལྗང་མདོག་ཅན་ལ་ཟམ་མི་ཆད་པར་འགྱུར་བཞིན་ཡོད་པ་རེད།
མིག་སྔར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་གློག་འདོན་འཕེལ་ཤུགས་ཆེ་བ་དེ་གསར་སྣོན་གློག་ཁུངས་ཐོན་སྐྱེད་ཀྱི་གཙོ་ཤུགས་སུ་གྱུར་ཡོད། བོད་ལྗོངས་དཔའ་ཤོད་རྫོང་དུ་གོ་ལ་ཧྲིལ་པོར་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཀྱི་རླུང་འཁོར་ཐོག་མ་འདེགས་སྒྲིག་ཟིན་པ་དང་དེ་གནས་སའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5050ཟིན་པ་དང་། ལེའོ་ཉིང་ཡིང་ཁོའུ་གྲོང་ཁྱེར་དུ་གོ་ལ་ཧྲིལ་པོའི་འཕྲུལ་འཁོར་རྐྱང་པའི་གློག་འདོན་ཚད་ཆེ་ཤོས་ཀྱི་རླུང་གློག་འཕྲུལ་ཚན་ནས་གློག་གཏོང་འགོ་ཚུགས་པ་དང་ལོ་ལྟར་གློག་ནུས་གཙང་མ་ཆུ་ཚོད་ཆན་ཝ་ཁྲི་7400གཏོང་བ། ཅང་སུའུ་ལན་ཡུན་སྒང་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་མཚོ་ཐོག་འོད་ཤུགས་རྣམ་གྲངས་ཆེ་ཤོས་ལས་འགོ་བཙུགས་པ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་9པར་དྲ་སྦྲེལ་ཐེངས་དང་པོ་བྱ་རྒྱུ་ཡིན་པ་ལ་སོགས་འདི་ལོ་ཚུན“རླུང་འོད”རྣམ་གྲངས་མང་པོ་ལག་བསྟར་བྱས་པ་དང་མ་འཇོག་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཙོ་གནད་ཐོག་བརྟག་དཔྱད་བྱས་པའི་ཁེ་ལས་ཀྱི་གློག་ཤུགས་ལ་མ་འཇོག་བྱེད་ཚད་བསྡོམས་སྒོར་དུང་ཕྱུར་5981ཟིན་པ་དེ་དུས་མཚུངས་ལས་10.6%འཕར་ཡོད། དེའི་ནང་གློག་ཁུངས་ལ་མ་འཇོག་སྒོར་དུང་ཕྱུར་3441བྱས་པ་དེ་དུས་མཚུངས་ལས་2.5%འཕར་བ་དང་འགྱུར་རྡོའི་ནུས་རྒྱུ་མིན་པའི་གློག་གཏོང་མ་འཇོག་གིས་གློག་ཁུངས་མ་འཇོག་གི་བསྡུར་ཚད་85%བཟུང་ཡོད་པ་རེད།