སྡེ་ཚན་གསུམ་གྱིས་མཉམ་དུ་བརྡ་ཐོ་བཀྲམ་ནས་བླང་བྱ་བཏོན་པར།
“བརྒྱད་གཅིག”རིང་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་97འཁོར་ཉེར་ཡོད་པའི་སྐབས་སུ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། རྒྱལ་ཡོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཀྲམ་ནས། ས་གནས་ཁག་དང་དཔུང་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། དུས་ཆེན་རིང་གི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་བསྟན་དོན། དམག་དཔུང་དང་ས་གནས་རིམ་ཁག་གིས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། རྒྱ་ཆེའི་དམག་དམངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་ཟུང་འབྲེལ་གྱིས་གཉིས་བཀུར་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་། གྲུབ་འབྲས་རླབས་པོ་ཆེ། རྩ་ཆེའི་ཉམས་མྱོང་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དམག་དམངས་དུང་ཕྱུར་མང་པོའི་མཐུན་སྒྲིལ་འབད་འཐབ་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་བསྒྲགས་བྱེད་པ། དམག་དམངས་རྣམས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཞུགས་པའི་ཆབ་སྲིད་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱེད་དགོས། དཔེ་མཚོན་དཔེ་སྟོན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གྱིས“དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”དང་། “དམག་བཀུར་མི་སྣ་ཡག་ཤོས”“དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས”སོགས་ཚོགས་སྤྱིའི་སྔོན་ཐོན་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་གཉིས་བཀུར་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ནང་ཧུར་ཐག་ཞུགས་པར་སྣེ་ཁྲིད་བྱེད་དགོས། གཉིས་བཀུར་རིག་རྩལ་གསར་རྩོམ་འཁྲབ་སྟོན་དང་། བརྗོད་དོན་གཙོ་བོའི་གླུ་གཞས་བརྒྱུད་གཏོང་། དམག་དམངས་མཉམ་སྐྲུན་གྱི་མཐུན་འབྲེལ་སོགས་མང་ཚོགས་རང་བཞིན་གྱི་གཉིས་བཀུར་རིག་གནས་བྱེད་སྒོ་ཧུར་ཐག་སྤེལ་ནས་རང་རེའི་མི་དམངས་དང་དམག་དཔུང་ལ་དགའ་བའི་སྤྱི་ཚོགས་ཀྱི་དར་སྲོལ་ཟབ་མོ་གཏོད་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་གཞོགས་འདེགས་དམ་ཟབ་བྱས་ཏེ་དམག་གྲབས་སྦྱོང་བརྡར་དང་འཛུགས་སྐྲུན་སྒྱུར་བཅོས་ཁྲོད་འཕྲད་པའི་དམག་དཔུང་གི་དཀའ་ངལ་དངོས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། དཔུང་སྡེས་མཉམ་འབྲེལ་ནང་སྦྱོང་དང་མཉམ་འབྲེལ་སྦྱོང་བརྡར་དང་། ས་ཁོངས་སྒྲོལ་བའི་སྟབས་བསྟུན་མཉམ་འགུལ། མཚོ་ཐོག་ཁེ་དབང་སྲུང་སྐྱོང་སོགས་དམག་དོན་ལས་འགན་སྒྲུབ་པར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ནང་སྦྱོང་བྱ་ཡུལ་དང་། འགྲིམ་འགྲུལ་འཕྲིན་གཏོང་། འབྲུ་སྣུམ་ཆུ་གློག་སོགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་དཔུང་སྡེས་དམག་སྦྱོང་དང་དམག་གྲབས་བྱེད་པར་ཆ་རྐྱེན་བཟང་པོ་སྐྲུན་དགོས། དམག་དཔུང་དང་ས་གནས་མཐུན་སྦྱོར་མཉམ་འགུལ་དང་འཕྲལ་སྡོམ་དམག་འཐབ་དང་ལེན་སོགས་དམག་བཀུར་དང་འཐབ་ས་དང་པོར་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམག་དཔུང་དང་ས་གནས་དངོས་འཐབ་ཅན་གྱི་མཉམ་འབྲེལ་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དམག་དཔུང་གི་དམག་གྲབས་དགོས་མཁོ་དང་དམག་རྒྱག་དགོས་མཁོ་ཐག་གཅོད་གང་ཐུབ་བྱེད་དགོས། ལས་འགན་གྱི་འཐབ་ས་དང་པོ་དང་ས་མཐོ་དང་མཚོ་གླིང་སོགས་མཐའ་མཚམས་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་བཅའ་སྡོད་དཔུང་སྡེ་མངོན་གསལ་དོད་དུ་བཏང་སྟེ“འཐབ་ས་དང་པོར་དམིགས་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་བ”དང་། “མཐའ་མཚམས་མཚོ་སྲུང་དཔོན་དམག་ལ་བརྩེ་བ་འཆང་བ” “གྲོང་ཁྱེར་དང་ལེན་ཤོག་མཉམ་སྐྲུན”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། དཔུང་སྡེར་དོན་དངོས་སྒྲུབ་པ་དང་དཀའ་གནད་ཧུར་ཐག་བསལ་ནས་རྒྱ་ཆེའི་དཔོན་དམག་རྣམས་ལ་བློ་རྩེ་གཅིག་སྒྲིམ་གྱིས་དམག་གྲབས་དམག་རྒྱག་དང་རྒྱལ་སྲུང་མཐའ་སྲུང་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། དམག་དཔུང་དང་ས་གནས་རིམ་ཁག་གིས་མཉམ་དུ་དམག་བཀུར་གཟིགས་སྐྱོང་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་། དམག་བཅར་ནང་མིའི་ལས་ཞུགས། བུ་ཕྲུག་གི་སློབ་གསོར་གཟིགས་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། སྲིད་ཇུས་དྲིལ་བསྒྲགས་ཁྱབ་གདལ་དང་དོན་འཁྱོལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་སྐར་ཁུང་དུ་ཁྲིམས་ལྟར་དམག་མི་སྔོན་ལ་འཇོག་པ་དང་གཟིགས་སྐྱོང་ཐོབ་ཐང་དོན་འཁྱོལ་སོགས་ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་ནས་དོ་ཁུར་བྱས་ཏེ་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས། དམག་བཅར་ནང་མིའི་ཆེད་དོན་གདན་ཞུ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་གསོ་སྦྱོང་། དམག་མིའི་བུ་ཕྲུག་ཚབ་གཉེར་ཞབས་ཞུ་སོགས་དམག་བཀུར་གཟིགས་སྐྱོང་བྱེད་ཐབས་གསར་གཏོད་དང་། སྤྱི་ཚོགས་ཅན་གྱི་དམག་བཀུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམག་ཕན་བྱེད་ཐབས་ཁག་གཅིག་གཅིག་སྡུད་ཐོག་འདོན་པ་དང་དོན་དངོས་ཀྱི་དཀའ་ངལ་ཁག་གཅིག་ཐག་གཅོད་བཅས་བྱས་ནས་དམག་མི་དང་དམག་མིའི་ནང་མིའི་གཟི་བརྗིད་ཚོར་སེམས་དང་ཐོབ་སྣང་ཆེ་རུ་གཏོང་དགོས།