དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཧྲེན་དབྱི་ཆིན་གྱིས་མཚོ་སྔོན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-25

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ནས་23ཉིན་བར་རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་མཚོ་སྔོན་དུ་ལས་ཞུགས་སོགས་དམངས་འཚོའི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོར་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་དགོས་པའི་ནན་བཤད་གནང་བ་རེད།

    ཧྲེན་དབྱི་ཆིན་སྔ་རྗེས་སུ་མཚོ་ཤར་གྲོང་ཁྱེར་དང་། མཚོ་བྱང་ཀྲོའུ། ཟི་ལིང་གྲོང་ཁྱེར་བཅས་ལ་ཕེབས་ཏེ་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་སྐྱོང་གསོ་རྟེན་གཞི་དང་། མཚོ་སྔོན་གྱི་འཚེམ་དྲུབ་ཁེ་ལས། ཁྱིམ་ལས་དངོས་སྦྱོང་རྟེན་གཞི། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་རྣམ་གྲངས། “ཉིན་གླ་བའི་ས་ཚིགས”སོགས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་མི་རིགས་ས་ཁུལ་གྱི་ཁྱད་ལྡན་ངལ་ནུས་སྤུས་རྟགས་མུ་མཐུད་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ལེགས་ཆའི་ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་རང་ས་རང་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་ལྕག་གཏོང་བ། སྟབས་བསྟུན་ལས་ཞུགས་མི་སྣར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཁོང་གནས་སྤོས་མང་ཚོགས་ཀྱི་ཁྱིམ་དུ་ལས་ཞུགས་གནས་ཚུལ་མཁྱེན་རྟོགས་གནང་བར་ཕེབས་ཤིང་། ཁོང་གིས་ལས་ཞུགས་རོགས་སྐྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གནས་སྤོས་མང་ཚོགས་བརྟན་པོ་ཡོང་བ་དང་། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་ཧྲེན་དབྱི་ཆིན་གྱིས་མཚོ་སྔོན་གྱི་ལས་ཞུགས་སོགས་དམངས་འཚོའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམངས་འཚོ་གལ་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཁྲོད་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་བརྟན་གཏོང་གི་བྱེད་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམ་འཛིན་མངོན་གསལ་དོད་པོ་བྱེད་པ། སྤྱི་ཕན་རང་བཞིན་ལས་གནས་ཀྱི་ལས་ཞུགས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། ཤར་ནུབ་རྒྱུད་ཀྱི་ངལ་ནུས་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། དབུལ་སྒྲོལ་མི་འབོར་གླ་པར་སྐྱོད་པའི་གཞི་ཁྱོན་བརྟན་དུ་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་ལས་ཞུགས་དམིགས་ཚད་བློ་བརྟན་འགྱུར་མེད་ངང་མངོན་འགྱུར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།