དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི་ལྷ་སའི་ཞོ་སྟོན་གྱི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ཚོགས་འདུ་ཟླ་8པའི་ཟླ་འགོར་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-25

    ཚེས་22ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོའི་ལྷ་སའི་ཞོ་སྟོན་གྱི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ཚོགས་འདུ་ཟླ་8ཚེས་4ནས་ཟླ་8ཚེས་8ཉིན་བར་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་2པར་འཚོག་རྒྱུ་ཡིན་ཞིང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི“ནང་འདྲེན”བརྗོད་དོན་གཙོ་བོར་བྱས་པའི་ཁྱད་ལྡན་ཚོང་ཟོག་གི་འགྲེམས་སྟོན་ཚོགས་འདུ་ཐོག་མ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ནང་འདྲེན་འགྲེམས་སྟོན་ཚོགས་འདུར་རྒྱལ་ཁབ་29དང་། ས་ཁུལ་3 དེ་བཞིན་རྒྱལ་ནང་བཅས་ཀྱི་ཁེ་ལས་225དང་ཚོང་དུད་600ཙམ་ཞུགས་རྒྱུ་ཡིན་པ་མ་ཟད། ནེ་པ་ལ་དང་། སེར་པི་ཡ། མ་ལེ་ཞི་ཡ། ཐེ་ལན། མོང་གོལ་རྒྱལ་ཁབ་བཅས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་ཁང་5དང་། དེ་བཞིན་ཕྱི་ཕྱོགས་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ། ལྷ་སའི་ཅ་དངོས་ཡག་པོ་བཅས་ཀྱི་ཆེད་དོན་འགྲེམས་ཁུལ་2དང་རྒྱལ་སྤྱིའི་ཚད་ལྡན་འགྲེམས་གནས་278འཛུགས་རྒྱུ་རེད། སྔོན་དཔག་བྱས་ན་བཟོ་རྩལ་ཐོན་རྫས་དང་། རྒྱུན་མཁོའི་འཛད་རྫས། བཟའ་བཅའ་དང་བཏུང་བྱ། ཁྱིམ་སྤྱོད་མཁོ་ཆས། རིག་གནས་བསམ་བཀོད་ཐོན་རྫས་སོགས་རྒྱལ་ཁབ་ཕྱི་ནང་གི་ཁྱད་ལྡན་ཚོང་ཟོག་1000ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་སྟེ་དཔེར་ན། ནེ་པ་ལའི་ལག་བཟོས་ཤིང་བརྐོས་དང་། ཡོ་རབ་དབུས་ཤར་གྱི་རྒུན་ཆང་། མོང་གོལ་གྱི་ཁུ་ལུའི་ཐོན་རྫས་སོགས་ཡོད་པ་རེད།

    སྐབས་འདིའི་ནང་འདྲེན་འགྲེམས་སྟོན་ཚོགས་འདུ་ནི་ཚོང་ཟོག་འགྲེམས་སྟོན་གྱི་ལས་སྟེགས་ཤིག་དང་མ་འཇོག་ལ་སྐུལ་འདེད་དང་། མི་ཆོས་རིག་གནས་སྤེལ་རེས། སྒོ་འབྱེད་མཉམ་ལས་བཅས་ཀྱི་རྒྱལ་སྤྱིའི་ལས་སྟེགས་ཤིག་རེད་ལ། ལྷ་སའི་སྒོ་འབྱེད་དང་། བསྟུན་མཁས། སྣ་མང་ཅན་བཅས་ཀྱི་གྲོང་ཁྱེར་གྱི་གཟུགས་བརྙན་མངོན་པའི་སྐར་ཁུང་ཞིག་དེ་བས་ཀྱང་རེད། འགྲེམས་སྟོན་ཚོགས་འདུའི་རིང་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་གྱི་ཚོང་དོན་མཐུན་ཚོགས་དང་ཚོང་དོན་སྐུལ་སྤེལ་སྒྲིག་གཞིའི་སྐུ་མགྲོན་གྱིས་ཚོགས་པའི་སྣེ་ཁྲིད་དེ། འགྲེམས་སྟོན་ལ་ཞུགས་རྒྱུ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་དུས་གཅིག་ཏུ་འཚོག་རྒྱུ་རེད། དེ་དང་ཆབས་ཅིག་ད་དུང་མི་རིགས་གླུ་གར་གྱི་འཁྲབ་སྟོན་མང་པོ་བཀོད་སྒྲིག་བྱས་ནས་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཟབ་ཏུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།