མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་འཚོ་བ་སྔར་ལས་ཡག་པ་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་གཞི་ཚུགས་ནས་སྒྱུར་བཅོས་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་པ་དེ་ཐོག་ནས། ང་ཚོའི་ཏང་གི་ངོ་བོ་དང་། དམིགས་ཡུལ། ཐོག་མའི་བསམ་འདུན། འགན་འཁྲི་བཅས་གང་ལེགས་མངོན་གྱི་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའང་གང་ལེགས་མཚོན་གྱི་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བའི་ཁར། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པའི་གནས་བབ་ཐོག་བཞག་སྟེ། མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད།
“སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ནས་སྨན་རྫས་དང་ཟད་ཆེའི་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་བ་ནས། “སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཡིན”ཞེས་པ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བའི་བར་དང་། ཐེམ་ཐོའི་ལམ་ལུགས་ལ་སྒྱུར་བཅོས་བྱས་ནས་ཞིང་ལས་སྤོ་སྒྱུར་གྱི་མི་འབོར་དུང་ཕྱུར་1.4གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་སུ་བཅུག་པ་ནས། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་བྱས་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་གཞག་དྲང་བདེན་ཡིན་པའི་ཚོར་སྣང་ཡོང་བར་བྱས་པའི་བར་ལ་སོགས། དམངས་ཀྱི་བློ་དང་བསྟུན་པ་དང་། དམངས་ཀྱི་འདོད་བློར་བརྩི་འཇོག དམངས་ཀྱི་གནས་ཚུལ་ལ་སེམས་ཁུར། དམངས་འཚོའི་ཆེད་དུ་གཞོལ་ཞིང་། སྒྱུར་བཅོས་བྱས་པ་བརྒྱུད་མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་དེ་བས་མང་བ་ཐོབ་ཡོད། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ཇུས་གཞིའི་ནང་དགེ་མཚན་འདུས་ཚད་གང་ལེགས་མངོན་པར་བྱེད་པ། སྒྱུར་བཅོས་དེ་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་འདུན། དམངས་ཀྱི་བློ་ཁ་ཕྱོགས་ས་བཅས་དང་སྦྲེལ་མཐུད་སྔར་བས་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ཚེ། ཆེས་བརྟན་པའི་རྒྱབ་རྟེན་དང་། ཆེས་ཆེ་བའི་གདིང་ཤུགས། ཆེས་འཕེལ་བའི་སྒུལ་ཤུགས་བཅས་ཡོང་བ་ལག་ལེན་གྱི་ཐོག་ནས་ར་འཕྲོད་གང་ལེགས་ཐུབ་ཡོད།
སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ཏེ། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་ངེས་པར་དུ་ལག་ལེན་མཐར་ཕྱིན་བསྟར་དགོས་པའི“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་བཏོན་པ་དང“མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱེད་རྒྱུ”ནི་དེའི་ནང་གི་དོན་ཚན་གལ་ཆེན་ཞིག་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་སྡུད་ཐོག་མཚོན་པ་ཞིག་ཡིན་པ་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་བརྟན་པོར་བཟུང་སྟེ། མི་དམངས་ཀྱིས་རེ་འབོད་བྱེད་པར་སྒྱུར་བཅོས་ཀྱིས་བརྡ་ལན་སྤྲོད་པ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་བྱེད་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། སྒྱུར་བཅོས་བྱེད་པར་མི་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་བྱེད་ཐུབ་པ་བྱས་ཚེ། སྒྱུར་བཅོས་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་པའི་འགན་ལེན་ཐུབ་རྒྱུ་རེད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་རྣམས་ཐུན་མོང་ཕྱུག་འགྱུར་གྱི་དེང་རབས་ཅན་ཡིན། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཡིན། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ནི་སྔར་བཞིན་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བ་དེ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་བར་གྱི་ཧེ་བག་སྔར་བཞིན་ཅུང་ཆེ་བ་དང་དམངས་འཚོ་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་སྔར་བཞིན་ཞན་ཆ་ཡོད། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱིས་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བསྟུན་ནས་སྒྱུར་བཅོས་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་བཏང་བ་ནི་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་ཐོབ་པར་བྱེད་རྒྱུའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་དང་འགྱུར་ལྡོག་གཙོ་བོ་དང་སྔར་ལས་འཚམ་པར་བྱེད་པའི་ཁ་ཚ་དགོས་གཏུག་ཅིག་ཀྱང་ཡིན།
བརྟག་དཔྱད་ཞིབ་འཇུག་མང་ཙམ་བྱེད་པའི་སྲོལ་དར་བར་བྱེད་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་འདོན་ས་དང་འགག་གནད་འཚོལ་བར་མཐོང་ཆེན་བྱེད་པ། མང་ཚོགས་ཀྱི་ཐོབ་སྣང་དང་མོས་སེམས་ཆེ་རུ་གཏོང་བ། དམངས་བློ་གཅིག་སྡུད་དང་དམངས་སེམས་གཅིག་སྒྲིལ་བཅས་བྱས་ཏེ། མི་དམངས་ལ་དམ་པོར་བརྟེན་ནས་སྒྱུར་བཅོས་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།
ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་དང་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་ཏང་ཞིག་ཡིན། ཏང་གི་ལས་ཀ་ཐམས་ཅད་ནི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པའི་ཆེད་དུ་ཡིན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་གཏན་འཁེལ་དང་། རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཁོང་དུ་ཆུད་པ། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ། ལས་རྗེས་དང་ཕན་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་གཞིགས་ནས་སྒྱུར་བཅོས་ལ་ཞིབ་བཤེར་བཅས་བྱས་ཚེ། ང་ཚོས་རྒྱུགས་འབུལ་ལམ་བུའི་ཐོག་ལོ་རྒྱུས་དང་མི་དམངས་ལ་གཟེངས་སུ་ཐོན་པའི་རྒྱུགས་ལན་གསར་པ་འབུལ་ཐུབ་ངེས་ཡིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)