དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོའི་འབྲི་ཆུའི་ཆུ་འགོའི་ཚན་རིག་རྟོག་ཞིབ་ ལས་དོན་སྤེལ་འགོ་ཚུགས་པ།

    “ས་ཆུ་རླངས་བྱེ་འཁྱགས”བཅས་ལ་དམིགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-24

    འདི་ནི་ཟླ་7ཚེས་20ཉིན། གྲུ་པའི་མདའ་ཆུ་དཔྱད་ས་ཚིགས་སུ་འབྲི་ཆུ་ཚན་རིག་ཁང་འབབ་རྒྱུད་ཆུའི་ཁོར་ཡུག་ཞིབ་འཇུག་སུའོ་ཡི་ཧན་ཁྲེང(གཡས)གིས་ཆུ་སྤུས་ཀྱི་མ་དཔེ་ལེན་བཞིན་པ།

    འདི་ནི་ཟླ་7ཚེས་20ཉིན། གྲུ་པའི་མདའ་ཆུ་དཔྱད་ས་ཚིགས་སུ་འབྲི་ཆུ་ཚན་རིག་ཁང་འབབ་རྒྱུད་ཆུའི་ཁོར་ཡུག་ཞིབ་འཇུག་སུའོ་ཡི་ཆའོ་ཆང་ལུང(གཡོན)གིས་ཉ་རིགས་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། 2024ལོའི་འབྲི་ཆུའི་ཆུ་འགོའི་ཚན་རིག་ཕྱོགས་བསྡུས་རྟོག་ཞིབ་རུ་ཁག་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་འབྱོར་ཏེ། འབྲི་ཆུའི་ཆུ་འགོ་ཁུལ་གྱི་གྲུ་པའི་མདའ་དུམ་བུར་རིག་ཚན་མང་པོའི་དཔེ་ལེན་ལྟ་ཞིབ་ཚད་ལེན་བྱས་པ་དེ་ཐོག་ནས། 2024ལོའི་འབྲི་ཆུའི་ཆུ་འགོའི་ཚན་རིག་ཕྱོགས་བསྡུས་རྟོག་ཞིབ་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད།

    ཐེངས་འདིའི་ཚན་རིག་རྟོག་ཞིབ་ནི་ཆུ་བེད་པུའུ་འབྲི་ཆུ་ཆུ་བེད་ཨུ་ལྷན་འབྲི་ཆུ་ཚན་རིག་ཁང་གིས་སྣེ་ཁྲིད་སྒྲིག་འཛུགས་བྱས་ཐོག་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་དང་འབྲི་ཆུ་འབབ་རྒྱུད་གནམ་གཤིས་ལྟེ་གནས་སོགས་ཚན་པ་དང་མཉམ་དུ་འབྲི་ཆུའི་ཆུ་འགོ་ཁུལ་དང་རྫ་ཆུའི་ཆུ་འགོ་ཁུལ་གྱི་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སོགས་ལ་ཚན་རིག་རྟོག་ཞིབ་བྱ་རྒྱུ་ཡིན་ཞིང་། དེའི་ནང་དོན་ཐད་གཙང་པོ་དང་མཚོའི་ཆུ་དཔྱད་དང་། ཆུ་ལམ་གནས་ཚུལ། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས། ཆུའི་ཐོན་ཁུངས། ས་ཆུ་ཤོར་བ། འཁྱགས་རོམ་འཁྱགས་ས་སོགས་ཚུད་ཡོད་པ་རེད།

    ཚན་རིག་རྟོག་ཞིབ་ལས་དོན་སྤེལ་འགོ་ཚུགས་པའི་ཉིན་དེར། འབྲི་ཆུ་ཚན་རིག་ཁང་ཆུ་བོ་སུའོ་དང་ཆུའི་ཁོར་ཡུག་སུའོ་སོགས་ཚན་རིག་ཞིབ་འཇུག་ཚན་པའི་ཚན་རིག་རྟོག་ཞིབ་རུ་མིས་བྱེ་འདམ་དང་། ཆུ་ལམ་གྱི་དིམ་བསགས་དངོས་པོ། ཆུར་གཡེང་སྐྱེ་དངོས་སོགས་ཀྱི་མ་དཔེ་བླངས་པ་རེད།

    ཐེངས་འདིའི་ཚན་རིག་རྟོག་ཞིབ་ཀྱིས་འབྲི་ཆུའི་ཆུ་འགོའི་རང་བྱུང་ཐོན་ཁུངས་ཀྱི་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་ལ་དམིགས་ཏེ། འབྲི་ཆུའི་ཆུ་འགོའི་ཆུ་བྱེའི་ཁྱད་ཆོས་ཀྱི་ཡུལ་དུས་ཁྱབ་ཚུལ་དང་། འབྲི་ཆུའི་ཆུ་འགོའི་འདམ་རའི་ཐཱན་གསོག་ཚད་ཚོད་རྩིས། ས་མཐོའི་འཁྱགས་ས་འཁྱགས་བཞུ་འགྱུར་ལྡོག་གི་ཤུགས་རྐྱེན། འཁྱགས་རོམ་འཁྱགས་སའི་མཐུག་ཚད་འཚོལ་ཞིབ་སོགས་ཀྱི་ཚན་རིག་རྟོག་ཞིབ་རྣམ་གྲངས་སྤེལ་ནས། འབྲི་ཆུའི་ཆུ་འགོ་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་དང་དེ་བཞིན་དེས་ཆུ་དཔྱད་ཆུའི་ཐོན་ཁུངས་དང་། འཁྱགས་རོམ་འཁྱགས་སའི་རིམ་འགྱུར། སྐྱེ་ཁམས་མ་ལག་གི་ཐཱན་འདུས་སོགས་ཐད་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱ་རྒྱུ་རེད།

    འབྲི་ཆུའི་ཆུ་འགོའི་ཚན་རིག་རྟོག་ཞིབ་ལས་དོན་ནི་2012ལོ་ནས་བཟུང་ལོ་ལྟར་སྤེལ་གྱི་ཡོད། འབྲི་ཆུའི་ཆུ་འགོའི་ཁུལ་དུ་བསྐྱོད་དེ་སྐྱེ་ཁམས་ཀྱི“གཞི་གདན”གསལ་རྟོགས་དང་འགྱུར་ལྡོག་གི་ཆོས་ཉིད་ལ་ཞིབ་འཇུག་བྱ་རྒྱུ་དེ་ནི་འབྲི་ཆུའི་ཆུ་འགོ་ཁུལ་དུ་སྤེལ་ཐེངས་མང་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་ཞིག་ཡིན་པ་རེད།

    འབྲི་ཆུ་ཚན་རིག་ཁང་གི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཤུས་ཕིང་གིས། ཐེངས་འདིའི་ཚན་རིག་རྟོག་ཞིབ་ཀྱིས་འབྲི་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་མིག་སྔའི་གནས་ཚུལ་སྔར་བས་ཁོང་དུ་ཆུད་པར་བྱས་ཏེ། འབྲི་ཆུར་སྲུང་སྐྱོང་ཤུགས་ཆེན་བྱེད་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། འབྲི་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོ་ཁུལ་གྱི“ས་ཆུ་རླངས་བྱེ་འཁྱགས”ཀྱི་རིམ་འགྱུར་དང་འཚམ་མཐུན་རྣམ་པའི་སྲུང་སྐྱོང་ཐབས་ཇུས་ཞིབ་འཇུག་བཅས་ལ་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་ནུས་པ་གང་ལེགས་འདོན་གྱི་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།