དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-23

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་རྒྱུན་ཆད་མེད་པར་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་བསམ་པ་དང་རིག་གནས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་རྟེན་ས་དང་། ཐུན་མོང་རྒྱུན་འཛིན། ཐུན་མོང་དར་སྤེལ་བཅས་བྱེད་པའི་རིག་གནས་ཉམས་འགྱུར་དང་། ཀུན་སྤྱོད་ཚད་ལྡན། རིན་ཐང་མ་ལག བརྩེ་སེམས་འདུ་ཤེས་བཅས་ཀྱི་སྤྱི་བསྡོམས་དང་། ཀྲུང་ཧྭ་མི་རིགས་རྒྱུན་ཆད་མེད་པར་འཚོ་གནས་དང་མཐུན་སྒྲིལ་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན།

    ལོ་ངོ་སྟོང་ཕྲག་རིང་། ཀྲུང་ཧྭ་མི་རིགས་ལོ་རྒྱུས་ནས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པ་དང་། སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་བསྐྱོད་ལ། སྣ་མང་ནས་གོང་བུ་གཅིག་ཏུ་སྒྲིལ་བའི་འཕེལ་ཕྱོགས་ཆེན་པོའི་ནང་བོད་ཀྱི་མི་རིགས་ཁག་དང་མེས་རྒྱལ་སྤུན་ཟླའི་མི་རིགས་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟམ་མི་ཆད་པར་བྱས་ཏེ་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ཐུན་མོང་ཐོག་གསར་འབྱེད་དང་། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ཐུན་མོང་ཐོག་གསར་སྤེལ། རྒྱུན་རིང་བའི་ཀྲུང་གོའི་ལོ་རྒྱུས་ཐུན་མོང་ཐོག་རྩོམ་པ། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་གཏོད་པ། རླབས་ཆེན་གྱི་མི་རིགས་སྙིང་སྟོབས་ཐུན་མོང་ཐོག་སྐྱེད་སྲིང་བཅས་བྱས་པས། གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་མཛའ་མཐུན་རིག་གནས་དང་ཁྲག་རྒྱུད་འབྲེལ་བ་ཆགས་ཤིང་། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱས་པའི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་གྲུབ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་གཅིག་ཏུ་སྒྲིལ་བ་དང་། གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བཙུགས་པ་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་ཁེ་ཕན་ཆེ་ཤོས་སུ་བརྩིས་ནས་མཐའ་འཁྱོངས་བྱས་ཏེ་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བྱས་པ་དང་། བློ་གཅིག་སེམས་གཅིག་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་རླབས་པོ་ཆེ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ཧུར་ཐག་བཅས་བྱས་པ་བརྒྱུད། མི་རིགས་ཁག་གི་མི་དམངས་ཤ་ཁྲག་གཅིག་འབྲེལ་དང་། སྤུན་ཉེ་འཆམ་མཐུན། ལས་དབང་མཉམ་གནས་བཅས་ཀྱི་བརྩེ་དུང་དེ་བས་ཟབ་ཏུ་ཕྱིན་པ་དང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་དེ་བས་བརྟན་དུ་ཕྱིན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་མྱོང་། འཆི་གསོན་མཉམ་གནས། ལས་དབང་མཉམ་གནས་བཅས་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་དེ་བས་བརྟན་དུ་ཕྱིན་ཡོད།

    དུས་རབས་གསར་པར་སླེབས་རྗེས། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་འདི་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་རྒྱག་པ། བོད་ཀྱི་ལོ་རྒྱུས་རིག་གནས་དང་མི་རིགས་ཁག་གནའ་སྔ་མོ་ནས་བཟུང་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་ནང་འདུས་པའི་ཐུན་མོང་གི་བསམ་བློ་དང་རིན་ཐང་གི་འཁྱེར་སོ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། སྐད་ཡིག་ཕན་ཚུན་འབྲེལ་འདྲིས་ལ་བརྟེན་ནས་ཡིད་སེམས་གཅིག་མཐུན་དང་ལས་དབང་གཅིག་མཐུན་ལ་སྐུལ་འདེད་གཏོང་བ། ཐུན་མོང་གི་ཕུགས་བསམ་དད་སེམས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ། རང་རྟོགས་ངང“མོས་སེམས་ལྔ”ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས་མི་རིགས་ཁག་མི་སེམས་གཅིག་སྒྲིལ་དང་བསམ་པ་ཕན་ཚུན་རྟེན་རེས་དང་། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་བསམ་པའི་འབྲེལ་ཐག་ཆེན་པོ་ཆགས་པར་བྱས་ཏེ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི”བསམ་པའི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།