དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    —— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-07-23

    ཀྲུང་གོ་གུང་ཁྲན་ཏང་ནི་ཏང་ཆེན་པོ་ཞིག་ཡིན་ཞིང་། རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པ་དང་བྱ་གཞག་རླབས་པོ་ཆེ་སྒྲུབ་བཞིན་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འཕྲད་རིམ་བཞིན་ཏང་གིས་ནམ་ཡང་ཡང་དག་པའི་ཆབ་སྲིད་ཀྱི་འཐབ་ཇུས་དང་བྱེད་ཐབས་གཏན་འབེབས་བྱས་ཏེ། ང་ཚོར་ཉེན་ཁ་དང་འགྲན་སློང་གྲངས་ལས་འདས་པ་ལས་རྣམ་པར་རྒྱལ་ནས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་རྒྱལ་ཁའི་ངང་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སྤྱི་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགོ་བཙུགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་པ་དང་། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། དེ་ནི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་དང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་རྒྱ་ཆེ་གཏིང་ཟབ་ཕྱོགས་ལ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་ཞིང་། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མཚོན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་གཏོད་པའི་ཆོད་སེམས་བརྟན་པོ་མཚོན་པ། རྒྱལ་ནང་དང་རྒྱལ་སྤྱིར་རང་རེའི་ཏང་གིས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་པའི་བརྡ་རྟགས་དྲག་པོ་ཞིག་བཏང་བ་མཚོན་ཡོད།

    སྒྱུར་བཅོས་ཀྱི་ཐབས་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་པའི་གནད་དོན་ཐག་གཅོད་མཁས་པོ་བྱ་རྒྱུ་ནི། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་རང་རྒྱལ་གྱིས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱས་པ་ནི་སྒྱུར་བཅོས་སྒོ་དབྱེར་བརྟེན་པ་ལས་བྱུང་བ་ཞིག་ཡིན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་ཀྱི་བློ་སྟོབས་དང་བློ་གྲོས་ཆེན་པོར་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་བཏང་བ་དང་། ཆུ་གཏིང་རིང་སར་སྐྱོད་ཕོད་པ་དང་། མཁྲེགས་སར་གཏུག་ཕོད་པ། ཉེན་ཁ་གདོང་ལེན་བྱེད་ཕོད་པ། འགལ་བ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་གཅོག་ཕོད་པ་བཅས་བྱས་ནས། སྔར་བྱུང་མྱོང་མེད་པའི་སྟོབས་ཤུགས་ཀྱིས་རྣམ་པ་གསར་རྐྱང་བཏོད་དེ་བཏོན་པའི་གསར་གཏོད་རིགས་པའི་གཞུང་ལུགས་རབ་དང་རིམ་པ་དང་། སྤྱད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ། ཐོབ་པའི་ཚད་བརྒལ་གལ་ཆེན་རབ་དང་རིམ་པ་བཅས་ཚང་མ་ནི་གསར་བརྗེའི་རང་བཞིན་ལྡན་པ་ཞིག་རེད། དུས་རབས་གསར་པ་འགོ་ཚུགས་ཚུན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་རླབས་ཆེན་གྲུབ་འབྲས་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དང་ཁ་ལོ་སྒྱུར་གནང་བ་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་ཡིན་པས། “གཏན་འཁེལ་གཉིས”དེ་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ར་སྤྲོད་གང་ལེགས་བྱུང་ཡོད།

    སྒྱུར་བཅོས་སྒོ་དབྱེ་ནི་ཁ་ཕྱོགས་དང་། ལངས་ཕྱོགས། རྩ་དོན་བཅས་ཡོད་པ་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་། ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱེད་པར་ངེས་པར་དུ་ལག་ལེན་བསྟར་དགོས་པའི་རྩ་དོན་གལ་ཆེན་བཏོན་པ་དང་། ཨང་དང་པོར་འཇོག་དགོས་པ་ནི“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས”བྱ་རྒྱུ་དེ་ཡིན་པ་བཏོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་བཅས་ཡིན་པར་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། ཏང་གིས་སྤྱི་ཡོངས་གཅིག་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ། ཏང་གི་འགོ་ཁྲིད་སྒྱུར་བཅོས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཚེ་གཞི་ནས་སྒྱུར་བཅོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་ཐུབ།

    གཞུང་འཁྱོངས་བྱས་ཚེ་གཞི་ནས་ཁ་ཕྱོགས་མི་འཛོལ་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཐོན་མི་སྲིད། གསར་འབྱེད་བྱས་ཚེ་གཞི་ནས་དུས་རབས་ལ་སྟངས་འཛིན་དང་དུས་རབས་ལ་ཁྲིད་སྟོན་བྱེད་ཐུབ། རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ངེས་པར་དུ་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་བྱེད་པ་དང་། འགྲོ་ལམ་མི་སྒྱུར་བ་དང་འདུན་པ་མི་སྒྱུར་བའི་ངེས་ཤུགས་ཆེན་པོ་ཡོད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། གསར་གཏོད་བྱེད་ཕོད་པ་དང་འགག་སྒྲོལ་བྱེད་ཕོད་པའི་བློ་སྟོབས་ཐོག་ནས་སྒྱུར་བཅོས་ལ་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་ཡོང་བར་སྐུལ་འདེད་ཀྱང་གཏོང་དགོས། ཕྱི་བཀག་ནང་སྡོམ་གྱི་འགྲོ་ལམ་རྙིང་པར་སྐྱོད་མི་རུང་ལ། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་འགྲོ་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་སྒྱུར་བཅོས་མཐར་ཕྱིན་བྱས་ཚེ། གཞི་ནས་རང་རྒྱལ་གྱི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། སྒྱུར་བཅོས་ཀྱི་གྲུ་གཡོར་མཐོན་པོར་སྒྲེང་སྟེ། རྔ་རྡུང་དར་འཕྱར་གྱིས་སླར་ཡང་རྡོག་ཐོན་བྱེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་བྱུང་མྱོང་མེད་པའི་འབད་འབུངས་ཀྱི་རྣམ་པའི་ཐོག་ནས་སྒྱུར་བཅོས་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཚེ་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་ཡིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།