དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧྲའན་ཤིས་ཧྲང་ལུའོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་ཞིག་རྡིབ་པར་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

    ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་སྐོར་ཞིབ་ཉེན་སེལ་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།

    ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་19ཉིན་གྱི་ཆུ་ཚོད་20དང་སྐར་མ་40ཙམ་ལ། ཧྲའན་ཤིས་ཧྲང་ལུའོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་ཞིག་ཆུ་ལོག་ཐོན་པའི་དབང་གིས་བརྡིབས་ནས་རླངས་འཁོར་ཁག་གཅིག་གཙང་པོར་ལྷུངས་ཡོད། ཚེས་20ཉིན་གྱི་ཆུ་ཚོད་10པའི་བར། གནོད་འཚེའི་དབང་གིས་མི་11རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་30ལྷག་ཙམ་འབྲེལ་བ་ཆད་ཡོད།

    གནོད་འཚེ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཧྲའན་ཤིས་ཧྲང་ལུའོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་ཞིག་ཆུ་ལོག་ཐོན་པའི་དབང་གིས་བརྡིབས་ནས་མི་མང་པོ་ཞིག་དང་འབྲེལ་བ་ཆད་ཡོད། ཁ་ཚ་དགོས་གཏུག་གི་ལས་འགན་ནི་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་། ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བཅས་བྱེད་པ་མ་ཟད། གནོད་འཚེ་ཕོག་པའི་མི་སྣའི་ནང་མིར་སེམས་གསོ་དང་རྗེས་འཇུག་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་བྱེད་པར་དོ་སྣང་བྱེད་པ། མཐའ་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཞིབ་ཚགས་བྱེད་པ། ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་ནན་པོ་བྱེད་དགོས་པ་བཅས་རེད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་མིག་སྔ་ནི་བདུན་པའི་ཟླ་སྨད་ནས་བརྒྱད་པའི་ཟླ་སྟོད་ཀྱི་འབྲུབ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ཏན་ཏིག་བསྒྲུབས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། སྐོར་ཞིབ་དང་ཉེན་སེལ་ལ་ཤུགས་སྣོན་རྒྱག་པ། བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། རྒྱུ་རྐྱེན་གང་མགྱོགས་རྩད་གཅོད་བྱེད་པ། རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པ་མ་ཟད། ཉེན་ཁའི་གནས་ཚུལ་གྲལ་བཤེར་ཐག་གཅོད་ལ་དམ་འཛིན་བྱས་ནས་ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་ནན་པོ་ཡང་བྱེད་དགོས། གཅིག་ཤེས་ཀུན་གྲོལ་ལྟར་ཕྱོགས་ཁག་གི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། གནོད་འཚེའི་ལས་འཛོལ་སོགས་སྔོན་འགོག་ཡག་པོ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པར་ཕེབས་ཡོད། ཧྲའན་ཤིས་ཞིང་ཆེན་དང་ཧྲང་ལུའོ་གྲོང་ཁྱེར་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བཀོད་སྒྲིག་ལས་དོན་སྤེལ་བ་དང་། མིག་སྔར་ས་གནས་ས་ཐོག་གི་རོགས་སྐྱོབ་དང་རྗེས་འཇུག་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།