དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དྲ་ཐོག་ནས་ལོ་ཕྱེད་རིང་སྒོར་ཁྲི་བརྒྱ་དང་སུམ་ཅུ་ལྷག་ཙམ་རི་བའི་ཁྱད་ལྡན་ཡུལ་ཟོག་བཙོངས་པ།

    རི་གྲོང་ཆུང་ངུར་དྲ་ཐོག་ཚོང་དོན་གྱི་མཁོ་སྤྲོད་འཁོར་འབྲེལ་སྤྱོད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུང་ཁྲའོ་ཅུན།   |     སྤེལ་དུས།  2024-07-21

    ནུས་ཆེའི་འཁོར་སྐྱོད་ཀྱི་དྲ་ཐོག་ཚོང་དོན་གྱི་མཁོ་སྤྲོད་འཁོར་འབྲེལ་ཞིག་ནུབ་བྱང་ས་ཁུལ་གྱི་རི་ཁུལ་དུ་སྣུར་སྲིང་ཐུབ་ཡོད།

    ཀན་སུའུ་ལུང་ནན་གྲོང་ཁྱེར་ཏང་ཁྲང་རྫོང་ཤིན་ཀྲའེ་ཤང་ཕུའུ་ཀོང་སི་གྲོང་ཚོར་དམར་ཐིང་ཐིང་གི་གཡེར་མའི་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་པ་རེད།

    མིག་སྔར་གཡེར་མ་འཐུ་བའི་དུས་ལ་སླེབས་པས་ཞིང་པ་ཚོས་ཞོགས་པ་སྔ་པོ་ནས་གཡེར་མ་འཐུ་འགོ་ཚུགས་རྗེས་རླངས་འཁོར་ནང་བླུགས་ནས་གྲོང་ཚོའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་སུ་དབོར་བ་དང་། དེ་གར་བསིལ་སྐམ་བཏང་བ་དང་ལས་སྣོན་བྱས་རྗེས་བཏུས་ནས་ཉིན་10ཡང་མ་འགོར་བའི་ལུང་ཡོན་རི་ཁུལ་གྱི་གཡེར་མ་དག་མངགས་ཐོ་ལྟར་ས་གནས་ཁག་གི་འཛད་སྤྱོད་པའི་ལག་ཏུ་འབྱོར་གྱི་ཡོད།

    འདི་ལོའི་ལོ་སྟོད་དུ། ཕུའུ་ཀོང་སི་གྲོང་ཚོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་གྱི་ཡོང་འབབ་སྒོར་ཁྲི་130ལྷག་ཙམ་ཟིན་པ་དང་། ཏང་ཁྲང་རྫོང་གི་དྲ་ཐོག་ཚོང་དོན་གྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་1.38ཟིན་ཡོད།

    དྲ་ཐོག་ཚོང་ཁང་ཐོག་མར་འཛུགས་སྐབས་གྲོང་ཚོར་ལོག་ནས་ལས་གཏོད་བྱེད་མཁན་ཞུས་ཀྲི་ཅེས་དྲ་ཐོག་ཚོང་ཁང་ཞིག་བཙུགས་ནས་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་པ་ནི་ཧ་ཅང་སྟབས་བདེ་པོ་རེད་སྙམ། འོན་ཀྱང་དངོས་སུ་ལས་ལ་གཞོལ་སྐབས་དེ་ནི་ལས་སླ་པོ་ཞིག་རྩ་བ་ནས་མིན། “ཐོན་རྫས་དེ་བས་ཕུན་སུམ་ཚོགས་སུ་དང་། ཚོང་ཟོག་སྐྱེལ་འདྲེན་དེ་བས་དུས་ཐོག སྤུས་རྟགས་དེ་བས་སྐད་གྲགས་ཆོད་པ་བཅས་བྱེད་དགོས་ཚེ་ང་ཚོས་ངེས་པར་དུ་འཁོར་འབྲེལ་སྤྱོད་དགོས”ཞེས་ཞུས་ཀྲི་ཅེས་བཤད།

    ང་ཚོ་གནས་ས་རི་ཁུག་ལུང་ཤུར་དུ་ཡིན་པས། ལས་སྣོན་དང་། སྐྱེལ་འདྲེན་ཡིན་ནའང་འདྲ། ཡང་ན་ཚོང་འགྲུལ་རྟོག་ཞིབ་ལ་ཡོང་རྒྱུའི་ཡིད་དབང་འགུག་པ་གང་ཡིན་རུང་། སྔོན་ལ་འགྲིམ་འགྲུལ་ཆ་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས།

    “ཡུན་རིང་མ་སོང་གོང་། གྲོང་ཚོའི་འགྲོ་ལམ་སྤྱི་ལེ་གཉིས་ལྷག་ཙམ་རྒྱ་ཆེར་བཏང་ནས་ཨར་འདམ་ལམ་བཏིང་བས་སྐྱེལ་འདྲེན་སྟབས་བདེ་རུ་ཕྱིན་ཡོད”ཅེས་ཞུས་ཀྲི་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ལོ་འདི་དག་རིང“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”སོགས་བསྐྲུན་པ་བརྒྱུད། ཕུའུ་ཀོང་སི་གྲོང་ཚོ་ཡོངས་སུ་སྣུམ་ནག་ལམ་མམ་ཡང་ན་ཨར་འདམ་ལམ་བཏིང་བས་ས་གནས་དེ་གའི་གྲོང་ཚོ་ཕན་ཚུན་དབར་གྱི་འགྲོ་ལམ་ཤར་གཏོང་ཐུབ་ཡོད་ཅེས་བཤད།

    དེ་དང་ཆབས་ཅིག་གྲོང་གསེབ་ཏུ་རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་བར་བརྟེན་ནས། ཞུས་ཀྲི་ཅེས་རྫོང་གི་རྒྱབ་སྐྱོར་འོག་ཤིན་ཀྲའེ་ཤང་གི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་བཙུགས་ཤིང་། ཞིང་ལས་ཐོན་རྫས་དག་དེ་གར་ཉར་ཚགས་སམ་བསྐུར་ཆོག་པ་དང་། གལ་ཏེ་དམིགས་བསལ་ལས་སྣོན་བྱེད་མི་དགོས་ཚེ་ཉིན་ཕྱེད་ནང་བསྐུར་ཐུབ་ཀྱི་ཡོད། ད་ཆ་ཏང་ཁྲང་རྫོང་དུ་གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཞབས་ཞུའི་ས་ཚིགས་244དང་ཤང་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་24བཙུགས་ཡོད་པས། ཤང་དང་གྲོང་རྡལ་གྱི་ཟོག་འགྲེམས་སྡེབ་སྐྱེལ་བྱེད་ཚད་100%ཟིན་ཡོད།

    གཡེར་མ་ཁག་གཅིག་ཐད་ཀར་བསྐུར་བ་ཕུད། དེ་འཕྲོས་ཀྱི་གཡེར་མ་རི་གཤམ་གྱི་ལས་སྣོན་འཁོར་ཁང་དུ་དབོར་གྱི་ཡོད་ཅིང་། འཁོར་ཁང་བཙུགས་ནས་ལོ་གཅིག་ཀྱང་མ་སོང་བར་ལས་སྣོན་གྱི་མུ་འབྲེལ་ལས་རིམ་གཉིས་བཙུགས་ཡོད། གདམ་གསེས་འཕྲུལ་འཁོར་དང་འབོར་བཅད་འཕྲུལ་འཁོར་སོགས་འཕྲུལ་འཁོར་20ལྷག་ཙམ་གྱིས་ཆུ་ཚོད་གཅིག་ལ་གཡེར་མ་རྒྱ་མ་300ལྷག་ཙམ་ལས་སྣོན་བྱེད་ཐུབ་ཀྱི་ཡོད།

    ཞུས་ཀྲི་ཅེས“འཁོར་ཁང་ཐོན་སྐྱེད་ཀྱིས་མངགས་ཐོའི་དགོས་མཁོ་དང་སྦྲེལ་མཐུད་གནད་སྨིན་ཐུབ་ཀྱི་ཡོད། དེ་གར་གཡེར་མ་ལས་སྣོན་བྱེད་པ་ཙམ་མ་ཟད། ད་དུང་ཕུའུ་ཀོང་སི་གྲོང་ཚོ་དང་ཐ་ན་མཐའ་འཁོར་ཤང་དང་གྲོང་རྡལ་གྱི་ཞིང་ལས་ཐོན་རྫས་སྣ་ཁ་40ལྷག་ཙམ་ལས་སྣོན་ཐུབ་ཀྱི་ཡོད། ལས་སྣོན་བྱས་རྗེས་ཀྱི་ཐོན་རྫས་དག་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཀྱི་ཐབས་ལམ་བརྒྱུད་བསྐུར་གྱི་ཡོད”ཅེས་བཤད།

    ཞུས་ཀྲི་ཅེའི་ངོས་ནས་བརྗོད་ན། དྲ་ཐོག་ཚོང་དོན་གྱི་མཁོ་སྤྲོད་འཁོར་འབྲེལ་བརྒྱུད་ཚང་མར་ཕན་པ་ཐོབ་པ་སྟེ། དྲ་ཐོག་ཚོང་དོན་ལས་སྟེགས་ལ་བརྟེན་ནས་ཞིང་དུད་དང་། ཕྱིར་ཚོང་། ཟོག་འགྲེམས་ཐབས་ལམ་བཅས་སྦྲེལ་མཐུད་ཐུབ་པས། ཞིང་ལས་ཐོན་རྫས་ཕྱིར་ཚོང་དེ་བས་སྟབས་བདེ་རུ་ཕྱིན་པ་དང་། ཐོན་ཡུལ་ནས་ཐད་ཀར་མཁོ་འདོན་བྱེད་པའི་ཚོང་ཟོག་འབྱུང་ཁུངས་ཀྱི་སྤུས་ཚད་འགན་ལེན་ཐུབ་པ་མ་ཟད། མ་གནས་ཀྱང་དམའ་བས་འཛད་སྤྱོད་པར་ཕན་པ་ཐོབ་པ། ལས་སྣོན་འཁོར་ཁང་གི་བཟོ་པ་ནི་ཡུལ་མི་ཡིན་པས་ཡོང་འབབ་དེ་བས་མང་དུ་ཕྱིན་པ་བཅས་རེད།

    གཡེར་མ་འདེབས་ཡུལ་ནས་གཡེར་མའི་དྲི་ཞིམ་ལྷང་ལྷང་དུ་འཐུལ་ཞིང་། ཞུས་ཀྲི་ཅེས་ལོ་10ཡི་གོང་གཡེར་མ་རྒྱ་མ་རེར་སྒོར་7ལས་རག་གི་མེད་པ་དང་། ད་ཆ་ཏང་ཁྲང་རྫོང་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“ཆའང་ཡོན་བྲོ་ཞིམ”གྱི་སྤུས་རྟགས་ཀྱི་ཕན་འབྲས་ལ་བརྟེན་པ་དང་དྲ་ཐོག་ཚོང་དོན་གྱི་ཐབས་ལམ་བཟང་པོར་བརྟེན་ནས་རྒྱ་མ་རེར་ཆ་སྙོམས་སྒོར་40ལྷག་ཙམ་རག་གི་ཡོད་པ་ཕྱིར་དྲན་བྱས།

    འཐུ་བ་ནས་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་གཏོང་བའི་བར་དང་ཐབས་ལམ་རྒྱ་སྐྱེད་གཏོང་བ་ནས་སྤུས་རྟགས་གཏོད་པའི་བར་སོགས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་མཁོ་སྤྲོད་འཁོར་འབྲེལ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པས། ནུབ་བྱང་ས་ཁུལ་ལུང་ཤུར་གྱི་ཞིང་པ་ཚོས་གྲངས་འཛིན་དཔལ་འབྱོར་གྱི་ཕན་པ་དངོས་འབྲེལ་མྱོང་ཚོར་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།