དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྨན་རྫས་ངོས་འཛིན་གྱི་རིགས་གཅིག་མཁས་ཅན་མཛོད་བཙུགས་ནས་སྨན་རྫས་ངོས་འཛིན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-21

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“སྨན་རྫས་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ཀྱི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སྨན་རྫས་ཁྱབ་ཁོངས་ཀྱི་ཉེས་གསོག་དོགས་ཡོད་དངོས་རྫས་ངོས་འཛིན་དུས་ཐོག་ནུས་ཆེ་དང་ཡང་དག་ཚད་ལྡན་ཡོང་བར་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་སྨན་རྫས་ངོས་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ། སྨན་རྫས་ངོས་འཛིན་གྱི་རིགས་གཅིག་མཁས་ཅན་མཛོད་བཙུགས་ནས་སྨན་རྫས་ངོས་འཛིན་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ཁག་དང་པོའི་སྨན་རྫས་ངོས་འཛིན་རིགས་གཅིག་མཁས་ཅན་མཛོད་ནི་རིགས་གཅིག་མཁས་ཅན་16ལས་གྲུབ་ཅིང་། དེའི་ནང་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། འཕྲོད་བསྟེན་བདེ་ཐང་། སྨན་བཅོས་འགན་སྲུང་། སྨན་རྫས་ལྟ་འདོམས་སོགས་ལས་རིགས་དང་ཁྲིམས་ལུགས་རིག་པ་དང་། ནད་ཐོག་གསོ་རིག ནད་ཐོག་སྨན་རྫས་རིག་པ། སྨན་རྫས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན། སྨན་རྫས་མི་འཕྲོད་པ་ཡོད་མེད་ལྟ་ཞིབ་ཚད་ལེན་སོགས་ཆེད་ལས་ཁྱབ་ཁོངས་ཚུད་ཡོད་པ་རེད། རིགས་གཅིག་མཁས་ཅན་མཛོད་ཀྱིས་སྨན་རྫས་ངོས་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བླང་བྱ་ལྟར་རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་ཚོགས་འདུར་ཞུགས་པ་དང་འབྲེལ་ཚན་རིག་དང་། གཟབ་ནན། དྲང་གཞག དྲང་བདེན་བཅས་ཀྱི་གཞི་རྩའི་བླང་བྱར་བརྩི་སྲུང་ཞུས་ནས་ཆེད་ལས་ཀྱི་ལེགས་ཆ་དང་ལག་རྩལ་གྱི་ཁྱད་ཆོས་བཏོན་ཏེ། ཞིང་ཆེན་ནང་ཁུལ་གྱི་གལ་འགངས་ཆེ་བ་དང་། རྙོག་འཛིང་ཆེ་བ། དཀའ་གནད་ཆེ་བ་བཅས་ཀྱི་གྱོད་གཞི་དང་འབྲེལ་བ་ཡོད་པའི་སྨན་རྫས་ངོས་འཛིན་ཐད་ཆེད་ལས་ཀྱི་རྒྱབ་སྐྱོར་དང་རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་གྱི་བསམ་འཆར་བཏོན་པ་རེད།

    སྨན་རྫས་ཁྱབ་ཁོངས་ཀྱི་དོགས་ཡོད་ཉེས་གསོག་གྱོད་གཞིའི་དངོས་རྫས་ཞིབ་བཤེར་ངོས་འཛིན་ལས་དོན་ནི་དོགས་ཡོད་ཉེས་གསོག་གྱོད་གཞི་སྒྲུབ་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས་སྤྱི་བདེའི་སྡེ་ཚན་དང་མཉམ་ལས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངོས་རྫས་ཞིབ་བཤེར་ངོས་འཛིན་གྱི་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྨན་རྫས་ཞིབ་བཤེར་གྱི་བསྡོམས་ཚིག་དང་ངོས་འཛིན་བསམ་འཆར་ཚན་རིག་དང་མཐུན་པ་དང་། ཁྲིམས་དང་མཐུན་པ། ཕན་ནུས་ལྡན་པ་བཅས་འགན་ལེན་གྱིས་སྨན་རྫས་རྫུན་མ་དང་སྤུས་ཞན་སྨན་རྫས་བཟོ་བ་དང་འཚོང་བ་སོགས་སྨན་རྫས་ཁྱབ་ཁོངས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་སྨན་སྤྱོད་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།