དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-21

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་མང་དུ་གཏོང་བ། སྡོད་ཁང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཐད་བྱ་ཐབས་འགའ་ཞིག་བཏོན་ནས་འཛད་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་མ་ཟད། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་པ་རེད།

    རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྒྱ་ཆེར་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས“སྲིད་གཞུང་དང་། དངུལ་ཁང་། ཁེ་ལས”བཅས་ཕྱོགས་མང་མཉམ་ལས་བྱེད་ཐབས་ལ་བརྟེན་ནས་རྒྱལ་ལམ་318ལམ་རྒྱུད་ཀྱི་རྫོང(ཆུས)གི་ཡུལ་སྐོར་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་། གྲོང་གསེབ་ཡུལ་སྐོར་གཉེར་སྐྱོང་མཁན། གྲོང་ཚོ་རིམ་པའི་མཉམ་སྡེབ་ཡུལ་སྐོར་དཔལ་འབྱོར་རྩ་འཛུགས་བཅས་ལ་ཁེ་ལས་གཉེར་སྐྱོང་གི་དགོས་མཁོ་དང་འཚམ་ལ་གཏའ་འཇོག་བྱེད་མི་དགོས་པའི་དངུལ་བུན་བཏང་བ་རེད། དེ་དང་ཆབས་ཅིག《ཉིང་ཁྲི་གྲོང་ཁྱེར་གྱི“ཡུལ་སྐོར་བ་ཉིང་ཁྲིར་གདན་འདྲེན་ཞུ་བའི”ཡུལ་སྐོར་འཛད་སྤྱོད་བྱེད་སྒོར་སྐུལ་འདེད་གཏོང་བའི་བྱ་དགའི་བྱ་ཐབས》དང་དེ་བཞིན《རྒྱུགས་སྤྲོད་སློབ་མས་སྤ་སེ་ཉོ་མི་དགོས་པར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་བྱེད་སྒོ》ལག་བསྟར་བྱས་པ་རེད།

    རླངས་འཁོར་དང་སྡོད་ཁང་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་མ་དངུལ་དང་གྲོང་ཁྱེར(ས་ཁུལ)གྱི་ལེ་ལག་ཚང་བའི་མ་དངུལ་སྤྱི་འདོམས་བེད་སྤྱོད་བྱས་པ་མ་ཟད། “སྲིད་ཇུས་དང་བྱེད་སྒོའི”བྱེད་ཐབས་སྤྱད་དེ་མི་སྒེར་གྱི་རླངས་འཁོར་རྙིང་པ་གསར་བརྗེས་དང་རླངས་འཁོར་གསར་པ་ཉོ་སྐབས་ཁ་གསབ་སྒོར་2000ནས་15000བར་སྤྲད་ཅིང་། དེའི་རྨང་གཞིའི་ཐོག“ཉིང་ཁྲི་ནས་རླངས་འཁོར་གསར་པ་ཉོས་ན་སྣུམ་སྣོན་སྤ་སེ་སྤྲོད་པའི”ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ནས་རླངས་འཁོར་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ཡོད།

    གཞན་ཡང་གྲོང་མིས་སྡོད་ཁང་གསར་པ་ཉོས་ན་མི་སྒེར་གྱི་ཐོབ་ཁྲལ་ཕྱིར་སློག་གི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་དང་ཁང་པ་ཉོ་བའི་ཁ་གསབ་ཐད་དངུལ་སྨར་སྤྲོད་པར་སྐུལ་འདེད་བཏང་ནས་གྲོང་མིས་སྡོད་ཁང་ཉོ་བར་རྒྱབ་སྐྱོར་བྱས་ཡོད། ད་དུང“སྡོད་ཁང་སྤྱི་གསོག་མ་དངུལ+ཚོང་ལས་དངུལ་ཁང”གི་ཚན་སྡེབ་དངུལ་བུན་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་ལས་བྱེད་པ་དང་ལས་བཟོ་མང་ཚོགས་ཚོས་ཁང་པ་ཉོ་བར་དངུལ་བུན་བྱེད་ཐབས་མང་པོ་མཁོ་འདོན་བྱས་ཡོད།

    དམངས་ཕན་བྲིན་སྐུལ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་མ་དངུལ་ཡག་པོ་སྤྱད་པ་མ་ཟད། སྣུམ་གྲུབ་མ་དང་། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས། ས་མཐོའི་ནུས་མང་ཐབ་ཆས་རབ་དང་རིམ་པ། བཟའ་བཏུང་། ས་མཐོའི་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་སོགས་འཛད་སྤྱོད་སྤ་སེ་སྤྲོད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག“བདེ་སྐྱིད་ལྡན་པའི་ཉིང་ཁྲི། སྤྲོ་སྣང་ལྡན་པའི་འཚོ་བ་མཉམ་སྤྱོད”དང“སྣུམ་རིན་གཟིགས་སྐྱོང་། ཉིང་ཁྲིས་ཁྱེད་སྒུག་ནས་ཡོད”ཅེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་གཏིང་ཟབ་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།