གམ་པ་ལའི་དཔའ་བོའི་ལེ་ཏ་ས་ཚིགས་སུ་གྲགས་པའི་ནུབ་རྒྱུད་འཐབ་ཁུལ་མཁའ་དམག་ལུའེ་ཤོག་ཅིག་གི་དཔོན་དམག་ཚོས་འཁྱགས་རིར་གཞི་ཚུགས་ནས་རྒྱུན་མཐུད་འབད་འཐབ་བྱས་པ།
སྨི་ལྔ་སྟོང་སུམ་བརྒྱ་བདུན་ཅུ་དོན་བཞི་ཡི་གངས་རིའི་རྩེ་མོ་བརྟན་པོ་བསྲུངས།
དཔོན་དམག་ཚོས་དཔའ་བོའི་དར་དམར་འཕྱར་ནས་གཡུལ་སར་སློབ་གསོའི་བྱེད་སྒོ་སྤེལ་བ། (མཱ་པིང་གིས་པར་བརྒྱབ)
དཔོན་དམག་ཚོས་ལས་འགན་སྒྲུབ་བཞིན་པ། (ཀྲོའུ་ཡོན་ཆང་གིས་པར་བརྒྱབ)
འཕྲུལ་འགུལ་ཡན་ལག་རུ་ཁག་དཔུང་སྐྱོད་བྱེད་པ། (ཀྲེན་ལའེ་ཡིས་པར་བརྒྱབ)
འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མིས་ཚོད་འཛིན་བྱེད་པའི་ལེ་ཏ་ས་ཚིགས་1965ལོའི་ཟླ་10པར་བཙུགས་ཚུན། དཔོན་དམག་ཚོས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁ་བ་བུ་ཡུག་ཁྲོད། གསོ་རླུང་མི་འདང་བ་ཁྱད་བསད་བྱས་ཏེ་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་བསྒྲུབས་ཡོད། 1994ལོའི་ཟླ་6ཚེས་28ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ས་ཚིགས་དེར“གམ་པ་ལའི་དཔའ་བོའི་ལེ་ཏ་ས་ཚིགས”ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་རེད།
སྒྲིག་ཆས་རིམ་སྤོར་དང་ལས་འགན་བརྗེ་སྒྱུར་བྱས་མོད། འོན་ཀྱང་གམ་པ་ལའི་ལེ་ཏ་ས་ཚིགས་ཀྱི་དཔོན་དམག་ཚོའི“དཀའ་སྡུག་བཟོད་ཐུབ་པ་དང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ། འགན་འཁྲི་གཙང་སྒྲུབ། འབད་འབུངས་ཡར་བརྩོན”བཅས་ཀྱི་སྙིང་སྟོབས་ཉམས་མེད། ཏང་གི་ཁྲིད་སྟོན་འོག་ཁོང་ཚོས་མུ་མཐུད་འབད་འཐབ་བྱས་ཏེ་མཁའ་ཟོན་གྱི་སྔོན་བརྡ་གཏོང་བའི་འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་བོད་དང་མཐའ་འཁོར་ས་ཁུལ་གྱི་མཁའ་ལམ་གྱི་སྦྲེལ་ཟམ་བསྐྲུན་ཡོད།
གཞི་ཚུགས་པ།
“ལྕགས་ཧྲེང་གིས་ས་བཀོག་མི་ཐུབ་ཀྱང་མི་གཞི་ཚུགས་ཐུབ་པ་བྱེད་དགོས”
ལོ་66ལ་སླེབས་པའི་དམག་མི་རྒན་གྲས་ཞུས་ཧུང་ཆིས“གམ་པ་ལ་དཔའ་བོའི་ལེ་ཏ་ས་ཚིགས”ཀྱི་གཟི་བརྗིད་མཚན་སྙན་གྱི་གོས་དར་མདུན་དུ་ལངས་ནས་ན་གཞོན་དཔོན་དམག་ཚོར་གམ་པ་ལ་བ་རྒན་རབས་ཚོའི་གཏམ་རྒྱུད་བརྗོད།
1965ལོའི་ཟླ་10པར། གོང་རིམ་གྱིས་ཁོང་ཚོར་ས་མཐོར་ལེ་ཏ་ས་ཚིགས་བཙུགས་ནས་མཁའ་ཟོན་གྱི་སྔོན་བརྡ་གཏོང་བའི་ལས་འགན་འཁུར་དགོས་པའི་བཀའ་བཏང་། གཡུལ་ས་རྩད་ཞིབ་དང་ས་ཆ་འདེམས་སྐབས་རི་ལྡེབས་གཟར་པོ་ཡོད་པས་ཚན་མའོ་ཀྲང་ཀྲང་ཙའེ་ཨན་དང་འཐབ་གྲོགས་ཚོས་དཀའ་ཚེགས་ཆེན་པོས་རི་བོར་འཛེགས། རི་རྩེར་འཛེག་སྐབས་དཔོན་དམག་ལ་ལའི་སེན་མཛུབ་ནས་ཁྲག་དོན་ཡང་དཔའ་མི་ཞུམ་པར་མདུན་དུ་སྐྱོད། “དེ་འདྲ་བྱས་ནས། ལེ་ཏ་ས་ཚིགས་བཙུགས་པ་རེད”ཅེས་ཞུས་ཧུང་ཆིས་སེམས་འགུལ་ཐེབས་བཞིན་བརྗོད།
“ས་ཚིགས་སུ་ལེ་ཏའི་གནམ་སྐུད་བཙུགས་ཐུབ་ཀྱང་། ལྷག་པ་ཆེན་པོ་རྒྱག་སྐབས་ཕར་གཡུག་ཚུར་གཡུག་བྱས་ནས་བརྟན་པོ་མེད། གནམ་སྐུད་བརྟན་པོ་ཡོང་བ་བྱེད་དགོས་ན་ཨར་འདམ་གྱི་སྒྲོམ་གཞི་རྒྱག་དགོས། འཁྱགས་ས་རྡོ་ལྟར་མཁྲེགས་པར་བརྟེན་ལྕགས་ཧྲེང་གིས་དྲུ་དཀའ་ཡང་། དཔོན་དམག་ཚོས་རེས་མོས་བྱས་ཏེ་ས་དོང་འདྲུས། དེ་ལྟ་བུའི་ཆོད་སེམས་བརྟན་པོར་བརྟེན་ནས་ས་མཐོར་མེས་རྒྱལ་མཁའ་ཟོན་ས་ཚིགས་དེ་བསྐྲུན་ཡོད”ཅེས་ཞུས་ཧུང་ཆིས་བརྗོད།
པར་རྙིང་པ་དང་དཔོན་དམག་རྒན་གྲས་ཚོའི་གཏམ་རྒྱུད་ཉན་བཞིན་ན་གཞོན་འཐབ་འཛིང་པ་ཚོའི་མིག་ལ་མཆི་ཞག་འཁོར། “འཁྱགས་རིར་གཞིས་ཚུགས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་མཐའ་གཅིག་ཏུ་སྒྲུབ་ཀྱི་ཡིན”ཞེས་ལོ་རབས་90པའི་ནང་སྐྱེས་ཀྱི་འཐབ་འཛིང་པ་པའེ་ཐའོ་ཡིས་བློ་རྩ་བརྟན་པོས་བརྗོད།
པའེ་ཐའོ་སློབ་ཆེན་མཐར་ཕྱིན་རྗེས་སློབ་ཆུང་ཞིག་གི་དགེ་རྒན་བྱས་པ་དང་རང་ཉིད་ཀྱི་རྒྱལ་སྲུང་མཐའ་སྲུང་གི་ཕུགས་བསམ་འགྲུབ་ཆེད། དམག་ལ་ཞུགས་ནས་གམ་པ་ལར་བསྐྱོད། ལོ་ཁ་ཤས་ཀྱི་གོང་དུ། ཁོང་གིས་དམག་དོན་སློབ་གྲྭར་མིང་ཐོ་བཀོད་ཀྱང་སྐར་མ་2.1ལོན་མེད་པས་སེམས་ཕངས་པོ་བྱུང་སྟེ་དམག་ཁོངས་ནས་དོན་རྒྱུའི་བསམ་བློ་འཁོར།
ཡིག་ཚད་མ་ལོན་པར་བརྟེན། ལས་ཀ་གང་བྱས་ཀྱང་སེམས་ཤུགས་མེད་པར་གྱུར། “དམག་དཔོན་བྱེད་མི་ཐུབ་ན་དམག་མི་ཡག་པོ་ཞིག་བྱེད་མི་ཐུབ་པ་ཡིན་ནམ”ཞེས་པན་ཀྲང་ཐང་ཁོ་ཡིས་པའེ་ཐའོ་ཁྲིད་ནས་གཟི་བརྗིད་ཁང་དུ་བསྐྱོད་དེ“ང་ཚོའི་གམ་པ་ལའི་ལེ་ཏ་ས་ཚིགས་སུ་དབྱར་དུས་རྡོའི་སྲུབས་ནས་མེ་ཏོག་ཆུང་ཆུང་བཞད་ཀྱི་ཡོད། ཉི་འོད་ཚ་པོ་དང་རླུང་དམར་ཁྲོད་མེ་ཏོག་དེ་དག་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད”ཅེས་བརྗོད།
“གངས་ལྗོངས་ས་མཐོར་གཞི་ཚུགས་པའི་གདམ་ག་བྱས་པ་དེ། དཀའ་ངལ་ལ་མ་འཛེམས་པར་འབད་འཐབ་མདུན་སྐྱོད་བྱེད་པ་ཞིག་ཡིན”ཞེས་པའི་སྐད་ཆ་དེས་ཁོང་ལ་སློབ་གསོ་གཏིང་ཟབ་ཐེབས། དེ་ནས་བཟུང་པའེ་ཐའོ་ཡིས་རིག་པ་བསྒྲིམས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་ཧུར་ཐག་སྦྱངས་པར་བརྟེན་ལས་སྒོའི་རྐང་འཛིན་པར་གྱུར་པ་མ་ཟད། ཆབ་སྲིད་སློབ་སྟོན་པར་ཡང་གྱུར།
མཐའ་མཚམས་སུ་གནས་ཀྱང་སེམས་པ་ཏང་ལ་ཕྱོགས། ཉེ་བའི་ལོ་ཤས་རིང་ལེན་ཏུའེ་ཡིས“ཀྲི་པུའུ་ལེན་ཏུའེ་རུ་བཙུགས་ནས་ལེན་ཏུའེ་ཡི་ཏང་ཀྲི་པུའི་ནུས་པ་ཆེ་རུ་གཏོང་རྒྱུ”མཐའ་འཁྱོངས་བྱས་ཤིང་། གཟའ་འཁོར་རེར་གཅིག་སྡུད་སློབ་སྦྱོང་སྒྲིག་འཛུགས་དང་ཟླ་ཕྱེད་རེར“5374སློབ་སྦྱོང་སློབ་ཁང”ཐེངས་གཅིག་འཚོགས་ནས་དགོངས་པ་སློབ་སྦྱོང་དང་། མྱོང་ཚོར་གླེང་བ། ཧེ་བག་འཚོལ་བ། ཚད་གཞི་གཏོད་པ། བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བསམ་བློའི་ཡར་ཐོན་ལ་བརྟེན་ནས་ཕྱོགས་ཡོངས་ཀྱི་ཡར་རྒྱས་ལ་སྣེ་ཁྲིད་བྱས་ཡོད།
“5374སློབ་སྦྱོང་སློབ་ཁང”དུ་ལང་ཚོའི་འབད་འཐབ་སྐོར་ལ་གྲོས་བསྡུར་བྱེད་སྐབས་པའེ་ཐའོ་ཡིས“དཀའ་ངལ་གང་ཞིག་འཕྲད་ཀྱང་སྒེར་གྱི་འབད་འཐབ་ཀྱི‘དམིགས་ཚད་ཆུང་ངུ’དེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི‘འཆར་གཞི་ཆེན་པོ’དང་མཉམ་འདྲེས་བྱས་ཚེ། སྤྱིར་བཏང་གི་ལས་གནས་ཐོག་དེ་དང་འདྲ་བར་རིན་ཐང་མངོན་འགྱུར་བྱེད་ཐུབ”ཅེས་བཤད།
མི་རབས་ནས་མི་རབས་བར་གྱི་གམ་པ་ལའི་ལེ་ཏ་ས་ཚིགས་ཀྱི་དཔོན་དམག་ཚོས་གྲུབ་འབྲས་རྩེ་གྲ་བཏོད་པས་ལེན་ཏུའེ་ལ་ལོ་30བསྟུད་མར་སྔོན་ཐོན་གྱི་མཚན་སྙན་ཐོབ་པ་དང་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་3དང་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་3ཐོབ་ཡོད་ལ། དཔོན་དམག་16ལ་མཁའ་དམག་ཡན་གྱི་གཟེངས་བསྟོད་ཐོབ་ཡོད། 2016ལོར་ཀྲུང་དབྱང་དམག་ཨུད་ཀྱིས“དམག་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་གི་རྩ་འཛུགས”ལ་བདམས་པ་དང་། 2022ལོར་མཁའ་དམག་གི“མཁའ་དབྱིངས་གདོང་ལེན་པ”སྐབས་དང་པོར་བདམས་ཡོད།
གཡུལ་སར་ཕྱོགས།
“མཁའ་དབྱིངས་ཀྱི་གནས་ཚུལ་སྔོན་ལ་ཤེས་ཐུབ་ན་དམག་འཐབ་ཀྱི་གོ་སྐབས་སྔོན་ལ་ཐོབ་ཐུབ”
ཀྲན་ཀྲང་ཡུས་ཅན་ཀྲའོ་ཡིས“གཡུལ་སར། དུས་ཚོད་ནི་ཚེ་སྲོག་ལྟ་བུ་ཡིན། སྔོན་ལ་ཤོར་ཐུབ་པ་དང་མཁའ་དབྱིངས་ཀྱི་གནས་ཚུལ་སྔོན་ལ་ཤེས་ཐུབ་ན་དམག་འཐབ་ཀྱི་གོ་སྐབས་སྔོན་ལ་ཐོབ་ཐུབ”ཅེས་བཤད།
ཇི་ལྟར་དམག་རྒྱག་པ་དེ་ལྟར་དམག་མིར་སྦྱོང་བརྡར་བྱེད་དགོས། གམ་པ་ལར་དཔོན་དམག་ཚོས་ཐོས་མང་བའི་སྐད་ཆ་ནི“གམ་པ་ལའི་ཚད་གཞི”ཡིན། ཡུས་ཅན་ཀྲའོ་འོས་འགན་དམག་མི་བྱེད་སྐབས་མཁའ་དམག་གི་ཆེད་ལས་དྲག་རྩལ་འགྲན་བསྡུར་ལ་ཞུགས་ནས་ཨང་དང་པོ་བླངས་ཀྱང་གཙོ་དཔོན་བྱེད་སྐབས་ཚད་གཞིར་ད་དུང་རྒྱུས་མངའ་དེ་ཙམ་ལོན་མེད། དམག་མི་གསར་པར་དཔྱད་ཞིབ་བྱེད་སྐབས། ཁོང་གིས་དམག་མི་གསར་པ་ཁག་གཅིག་རྩ་འཛིན་གྱི་ཚད་གཞིའི་སྐར་མ་ལོན་པ་མཐོང་སྐབས་སེམས་ཧ་ཅང་དགའ་པོ་བྱུང་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་པན་ཀྲང་རྒན་གྲས་ཤིག་གི་རྩ་འཛིན་གྱི་གཏན་འབེབས་ཚད་གཞིའི་སྐར་མ་དམག་མི་གསར་པ་ལས་མཐོ་བ་ཡོད་པས། དེ་ཐོག་ནས་ཚང་མར་ཁེངས་དྲེགས་བྱེད་མི་རུང་བའི་དྲན་སྐུལ་བྱས།
དུས་དེ་ནས་བཟུང་། ཡུས་ཅན་ཀྲའོ་ཡིས་གམ་པ་ལའི་ཚད་གཞི་ནི་རྒྱུན་ཆད་མེད་པར་དོན་གཉེར་དང་རྒྱུན་ཆད་མེད་པར་ཚད་བརྒལ་བྱ་རྒྱུ་དེ་ཡིན་པ་གསལ་པོར་རྟོགས། གམ་པ་ལར་འོས་འགན་དམག་མིའི་ཆེད་ལས་དཔྱད་ཞིབ་དེ་དམག་དཔོན་གྱི་རྐང་འཛིན་ཚད་གཞི་ལྟར་ཁོང་དུ་ཆུད་པ་དང་། དམག་དཔོན་གྱི་རྐང་འཛིན་དེ་སྦྱོང་བརྡར་རྩེ་གྲའི་བླང་བྱར་གཞིགས་དགོས་པ་དང་དམག་མི་རྩེ་གྲར་སྦྱོང་བརྡར་བྱེད་པར་ངེས་པར་དུ“ཆེད་ལས་གཅིག་དང་འཇོན་ཐང་མང་པོའི”ཕྱོགས་སུ་རིམ་སྤོར་བྱེད་དགོས།
དཀའ་ངལ་དང་སྦྱོང་བརྡར་ནན་པོ་བྱེད་པ་དང་དངོས་འཐབ་ལ་དམིགས་ཏེ་དམག་དཔུང་གི་འཐབ་ནུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། ས་ཚིགས་དེའི་མི་ཐེངས་12ལ་ལུའེ་ཡི་དྲག་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པ་དང“དམག་དོན་སྦྱོང་བརྡར་གྱི་རིམ་པ་དང་པོའི་ཚན་པའི”མཚན་སྙན་བསྟུད་མར་ཐོབ་ཡོད།
རྒྱུན་མཐུད།
“གམ་པ་ལའི་ལེ་ཏ་ས་ཚིགས་ཀྱི་དཔོན་དམག་ཚོས་འགན་འཁྲི་དང་འོས་འགན་རྩ་བར་བརྩིས་ནས་མཐོང་ཆེན་པོ་བྱེད་ཀྱི་ཡོད”
“གམ་པ་ལ་དང་ཁ་བྲལ་ནས་ཉིན་མཚན་200ལྷག་རིང་ངས་རྟག་ཏུ་གནས་དེའི་རྩྭ་རྩི་ཤིང་བློ་ལ་དྲན་གྱི་འདུག”ན་ནིང་ལོ་མཇུག་ཏུ་རྒན་ཡོལ་ཞུས་པའི་དམག་མི་རྒན་གྲས་རིམ་པ་དང་པོའི་ཅུན་ཧྲི་ཀྲང་ཝང་ཧྲེང་ཆོན་གྱིས་བྱས་རྗེས་རྟགས་མ་བཏགས་པའི་དམག་ཆས་གྱོན་ནས་སླར་ཡང་ལོ་28བརྟན་སྲུང་བྱེད་མྱོང་བའི་གཡུལ་སར་སྐྱོད་སྐབས་རང་དབང་མེད་པར་སེམས་འགུལ་ཆེན་པོ་ཐེབས་ནས“དེ་རིང་ང་སླར་ཡང་ཉིན་མཚན་རྟག་ཏུ་དྲན་པའི་ས་ཆར་ལོག་ཐུབ་སོང”ཞེས་བརྗོད།
“དཀའ་སྡུག་ཆེ་ཡང་ཡུན་རིང་རྒྱུན་འཁྱོངས་ཐུབ་དོན་ཅི་ཡིན་ནམ”གསར་འགོད་པའི་དྲི་བར་ཝང་ཧྲེང་ཆོན་གྱིས་ཐད་ཀར་ལན་མ་བཏབ་པར་ཁོང་ལ་བག་ཆགས་ཟབ་མོ་འཇོག་མཁན་མི་ཞིག་གི་སྐོར་གླེང་།
དེ་ཡང་1994ལོའི་ཟླ་10ཚེས་10ཉིན། ཝང་ཧྲེང་ཆོན་སྡོད་བྱ་ཐེངས་དང་པོ་དེ་འཁེལ། “དེ་ཉིན་ལས་འགན་བསྒྲུབ་རྒྱུའི་སེམས་ཤུགས་ཆེ་ཡང་རི་འཛེག་སྐབས་མགོ་ན་བ་དང་དབུགས་ཧལ་ནས་མདུན་དུ་འགྲོ་ཐབས་བྲལ། ངའི་འཁྲིས་ནས་སྐྱོད་མཁན་འཐབ་གྲོགས་ཚོས་དཀའ་ངལ་ལ་མ་འཛེམ་པར་རིར་འཛེག་བཞིན་འདུག”
སྐབས་དེར་ལེ་ཏ་ལག་རྩལ་པ་ཧུའུ་ཏ་ཆིང་གིས་ཝང་ཧྲེང་ཆོན་ལ“གཡུལ་སའི་སྡོད་བྱའི་ལས་འགན་སྒྲུབ་སྐབས་འཇོན་ཐང་ལ་སྦྱོང་བརྡར་ཐེབས་པ་མ་ཟད། སྙིང་སྟོབས་ལའང་ཚོད་བགམ་ཐེག་ཐུབ། གམ་པ་ལའི་གཡུལ་སར་སླེབས་མཁན་ཚང་མ་ནི་ཚད་དང་མཐུན་པའི་དམག་མི་ཡིན”ཞེས་བརྗོད།
དེ་ཉིན། ཧུའུ་ཏ་ཆིན་རི་ལས་བབས་ནས་སྡོད་བྱ་རྩིས་སྤྲོད་བྱེད་སྐབས་ལེ་ཏ་ཞིག་ལ་གློ་བུར་དུ་སྐྱོན་ཤོར་བ་དང་གཡུལ་སར་ལག་རྩལ་པ་ཁོང་གཅིག་པུ་ལས་མེད། “སྡོད་བྱ་བརྗེ་བའི་དུས་སླེབས་ཀྱང་ལེ་ཏར་སྐྱོན་ཤོར་བར་བརྟེན་འཁང་ར་མེད་པར་ལེ་ཏ་ཉམས་བཟོ་བྱས་པ་ཡིན། མཁའ་དབྱིངས་ཀྱི་གནས་ཚུལ་འགན་སྲུང་བྱ་རྒྱུ་ནི་གལ་འགངས་ཆེ་བའི་ལས་འགན་ཞིག་ཡིན”ཧུའུ་ཏ་ཆིང་གིས་མུ་མཐུད་རིར་སྡོད་རྒྱུའི་སེམས་ཐག་བཅད་དེ་ཚང་མ་ཁྲིད་ནས་སྒྲིག་ཆས་ཉམས་བཟོ་བྱས། སྒྲིག་ཆས་ཉམས་བཟོ་ཚར་རྗེས་ཀྱི་ཉིན་གཉིས་པའི་ཞོགས་པར་ཚང་མའི་མཆུ་ཏོ་སྨུག་པོར་གྱུར་པ་དང་ངལ་དུབ་ཀྱིས་མནར་ཏེ་རྐུབ་སྟེགས་ལ་བསྙེས་པ་ཙམ་གྱིས་གཉིད་ཤོར།
“ངས་གམ་པ་ལའི་ལེ་ཏ་ས་ཚིགས་ཀྱི་དཔོན་དམག་ཚོས་འགན་འཁྲི་དང་འོས་འགན་རྩ་བར་བརྩི་བ་མ་ཟད། མཐོང་ཆེན་དེ་ལྟ་བུ་བྱེད་པ་ཤེས་བྱུང”དེ་ནས་བཟུང་ཝང་ཧྲེང་ཆོན་གྱིས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ནས་མཁའ་དབྱིངས་ཀྱི་གནས་ཚུལ་འགན་ལེན་གྱི་ལས་འགན་ཧུར་ཐག་སྒྲུབ་པ་མ་ཟད། སྔ་རྗེས་སུ་ལེ་ཏའི་སྒྲིག་ཆས་རིགས་བརྒྱད་ཉམས་བཟོ་བྱས་པ་དང་དེ་གར་དམག་ཞབས་ཞུ་ཡུན་རིང་ཤོས་ཀྱི་དམག་མིར་གྱུར།
ལེ་ཏ་བཀོལ་སྤྱོད་པ་ལིའུ་ཀྲུའོ་མིང་དམག་ལ་ཞུགས་ནས་ལོ་6སོང་ཞིང་། ས་མཐོར་དུས་ཡུན་རིང་པོར་ལས་ཀ་བྱས་པར་བརྟེན་སྙིང་ནད་ཚབས་ཆེན་ཕོག་ནས་གཤགས་བཅོས་བྱེད་དགོས་བྱུང་ཡོད། སྨན་པས་ཁོ་ལ་འགུལ་སྐྱོད་ཆེན་པོ་བྱ་རྒྱུ་མེད་པའི་ཁ་ཏ་བསླབ་བྱ་བྱས་པ་དང་ལེན་ཏུའེ་ཡིས་ཁོང་རི་གཤམ་དུ་སྡོད་བྱ་བྱེད་དུ་བཅུག
ལེན་ཏུའེ་རུ་ངལ་གསོ་རྒྱག་རིང་། ཁོང་གིས་རྟག་ཏུ་ས་ཚིགས་ནས་གཡུལ་སར་ཡང་ཡང་རྒྱང་ལྟ་བྱེད་ཀྱི་ཡོད། ཁོང་གིས་སྨན་པར་ནད་མགྱོགས་པོ་དྲག་ཐབས་ཀྱི་ཐབས་ཤེས་སྐད་ཆ་དྲིས་པ་དང་ཚན་རིག་དང་མཐུན་པའི་ངང་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་སླར་ཡང་གཡུལ་སར་ལོག་ཐུབ་པ་བྱུང་ཡོད། ལོ་འདི་དག་རིང་ལས་འགན་གལ་ཆེན་དང་དྲག་རྩལ་འགྲན་བསྡུར་ཁྲོད་ཁོང་གིས་མདུན་དུ་ཤོར་རྐྱང་བྱེད་ཀྱི་ཡོད།
ལིའུ་ཀྲུའོ་མིང་གིས་མགྲིན་པ་གཟེངས་སུ་བཏེགས་ནས“གམ་པ་ལར་སྦྱོང་བརྡར་ཐེབས་ནས་དཀའ་ངལ་མཐའ་དག་ཁྱད་བསད་བྱེད་ཐུབ་ཀྱི་འདུག”ཅེས་བཤད།
དུས་རབས་ཕྱེད་ཀ་ལྷག་ཙམ་རིང་དཔོན་དམག་ཚང་མས་གནམ་དང་ཐག་ཉེ་ཤོས་ཀྱི་སོ་ལྟ་ཁང་དུ་ལང་ཚོ་དང་། ཁྲག་རྒྱུན། ཚེ་སྲོག་བཅས་ལ་བརྟེན་ནས་ལྷག་བསམ་རྣམ་དག་གིས་མེས་རྒྱལ་གྱི་མཁའ་དབྱིངས་བདེ་འཇགས་སྲུང་སྐྱོང་བྱས་ཡོད།
(《མི་དམངས་ཉིན་རེའི་ཚགས་པར》ནས་བཏུས)