དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀན་སུའུ་རྨ་ཆུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་དྲུང་ཆེ་གཅོད་པ་དོན་གྲུབ་ཀྱིས།

    ས་མཐོའི་རྩྭ་ཐང་སྲུང་སྐྱོང་ལས་ལ་གཞོལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། སུང་ཁྲའོ་ཅུན།   |     སྤེལ་དུས།  2024-07-20

    དབྱར་དུས་ཀྱི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་དུ་རྩྭ་ཐང་སྔོ་སིང་སིང་སྐྱེས་ནས་འདུག

    ཞོགས་པ། རྨ་ཆུ་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་དྲུང་ཆེ་གཅོད་པ་དོན་གྲུབ་ཀྱིས་དང་བླངས་པ་ཁག་གཅིག་ཁྲིད་དེ་རྩྭ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་རྩྭ་ཐང་དུ་བསྐྱོད། ཟླ་བ་གཉིས་ཀྱི་གོང་དུ། འདི་གར་དེ་སྔ་ས་ནག་གྲམ་ཐང་ཞིག་ཡིན་པ་དང་ཁོང་ཚོས་དཀའ་སྤྱད་རྔུལ་ཆུ་ས་ལ་གཏོར་ནས་རྩྭ་སོན་བཏབ་པས་ད་ཆའི་ཡིད་དགའ་བའི་རྣམ་པ་དེ་གྲུབ་ཡོད། གཅོད་པ་དོན་གྲུབ་ཀྱིས་སྤང་སྐྱེས་ཚུལ་ལ་ཞིབ་པར་བལྟས་རྗེས་དགའ་སྤྲོ་ཆེན་པོས“ཡག་པོ་སྐྱེས་འདུག”ཅེས་བརྗོད།

    མཚོ་བོད་ས་མཐོའི་ཤར་ཕྱོགས་སུ་གནས་པ་དང་། ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་རྨ་ཆུར་ཆུ་ཕྲན་དང་འདམ་ར་མང་ལ། ཡངས་ཤིང་རྒྱ་ཆེ་བའི་འདམ་རའི་རྩྭ་ཐང་ཡང་ཡོད་པས་རྩྭ་ཐང་གིས་རྫོང་ཡོངས་ཀྱི་རྒྱ་ཁྱོན་གྱི་བཅུ་ཆ་དགུ་ཙམ་བཟུང་ཡོད།

    ལོ་32ལ་སླེབས་པའི་གཅོད་པ་དོན་གྲུབ་ཀྱིས་རྩྭ་ཐང་དུ་འཚོ་བ་བསྐྱལ་ནས་ལོ་32འགྲོ་གི་ཡོད། 2013ལོར་སློབ་ཆེན་འགྲིམ་བཞིན་པའི་ཁོང་གིས་དང་བླངས་པ་བྱས་ཏེ་ཚན་ཞིབ་པའི་སྐད་སྒྱུར་བྱས། ཚན་ཞིབ་པ་དང་སྤེལ་རེས་བྱེད་སྐབས་ས་ནག་གྲམ་ཐང་དང་ཆུ་འགོ་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་ཞིབ་འཇུག་གི་བྱ་གཞི་ཤེས་རྟོགས་བྱུང་བ་ནས་བཟུང་ཁོང་གིས་ས་ནག་གྲམ་ཐང་སླར་གསོ་བྱེད་པའི་བློ་ཐག་བཅད།

    ས་ནག་གྲམ་ཐང་ནི་མཐོ་གྲང་སྔོ་ཁེབས་ཉམས་རྗེས་ཆགས་པ་ཞིག་ཡིན་ལ། སྤང་ལྗོངས་ཁུལ་དུ་སྤང་ཐ་རེ་ཐོ་རེ་ཙམ་ལས་སྐྱེ་གི་མེད། སྔོ་ཁེབས་དང་ས་རྒྱུར་གཏོར་བཤིག་ཕོག་པའི་དབང་གིས་རྩྭ་ཤུན་འོག་གི་ས་རྒྱུ་རུལ་ནས་རིམ་གྱིས་ཕྱིར་མངོན་པ་ཞིག་རེད། གལ་སྲིད་བདག་སྐྱོང་མ་བྱས་ཚེ་ས་ནག་གྲམ་ཐང་གི་རྒྱ་ཁྱོན་ཆེ་རུ་ཕྱིན་ནས་ས་ཆུ་སྲུང་འཛིན་ཙམ་མ་ཟད། ས་གནས་དེ་གའི་གནམ་གཤིས་ལའང་ཤུགས་རྐྱེན་ཐེབས་ངེས་རེད།

    “ས་ནག་གྲམ་ཐང་གི་ས་སོབ་སོབ་ཡིན་པས་སྐྱོད་སྐབས་རྐང་པ་དིམ་གྱི་ཡོད”ཅེས་གཅོད་པ་དོན་གྲུབ་ཀྱིས་བརྗོད། 2019ལོར་ཁོང་གིས་རྨ་ཆུ་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་བཙུགས་ནས་ས་གནས་དེ་གའི་འབྲོག་པ་དང་མཉམ་དུ་ས་ནག་གྲམ་ཐང་སླར་གསོ་བྱེད་འགོ་བཙུགས་པ་རེད།

    ས་ནག་གྲམ་ཐང་སླར་གསོ་བྱེད་པ་ནི་རྙོག་འཛིང་ཆེ་བ་ཞིག་མིན་མོད། འོན་ཀྱང་ཞིབ་ཚགས་དང་ངང་རྒྱུད་རིང་པོ་དགོས། གཅོད་པ་དོན་གྲུབ་ལས་བྲེལ་ཆེན་པོས་ས་ནག་གྲམ་ཐང་དུ་རྩྭ་སོན་དང་སྐྱེ་ཁམས་རྫས་ལུད་གཤོ་བཞིན་འདུག

    “ས་རྒྱུའི་འབུ་ཕྲ་རབ་དང་སྤང་ལྗོངས་སླར་གསོ་བྱེད་པར་བརྒྱུད་རིམ་ཞིག་དགོས་པས། རྩྭ་ཡག་པོ་སྐྱེ་དགོས་ན། གལ་ཆེ་ཤོས་ནི་ནོར་ལུག་གཏན་འགོག་བྱེད་དགོས”ཞེས་གཅོད་པ་དོན་གྲུབ་ཀྱིས་བརྗོད། ལོ་5ཡི་རིང་ཁོང་དང་དང་བླངས་པ་50ལྷག་ཙམ་གྱིས་རྩྭ་ཐང་སླར་གསོའི་ལས་ལ་གཞོལ་ཡོད། འབྲོག་པ་ཚོས་རྩྭ་སོན་འདེབས་སྐབས་དང་བླངས་པ་ཚོས་རོགས་རམ་བྱེད་པ་དང་རྩྭ་ཐང་ལ་བདག་སྐྱོང་བྱེད་སྐབས་ཀྱང་དང་བླངས་པ་ཚོས་མུ་མཐུད་རོགས་རམ་བྱེད་ཀྱི་ཡོད།

    ལོ་ལྟར་དཔྱིད་དུས་རྩྭ་སོན་བཏབ་ནས་ཟླ་11པའི་བར་ལོ་དེར་བཏབ་པའི་རྩྭའི་རིང་ཚད་སྨི་1ལྷག་ཙམ་ཟིན་པ་དེ་ལས་ས་ནག་གྲམ་ཐང་རྩ་བའི་ཆ་ནས་སླར་གསོ་ཐུབ་པ་མཚོན་ཡོད་ལ། རྩྭ་བཟང་པོ་སྐྱེས་པ་དེས་ནོར་ལུག་ལའང་གཟན་རྩྭ་འདང་ངེས་བྱུང་ཡོད།

    གཅོད་པ་དོན་གྲུབ་ལ་དགའ་ཚོར་སྐྱེ་འོས་པ་ཞིག་ནི་རང་ཉིད་ཀྱི་བསམ་ཚུལ་ལས་རོགས་ཚོའི་འབད་བརྩོན་འོག་རིམ་བཞིན་མངོན་འགྱུར་བྱུང་བ་དེ་ཡིན། ལོ་5ཡི་རིང་གཅོད་པ་དོན་གྲུབ་དང་སེམས་པ་མཐུན་པའི་དང་བླངས་པ་ཚོས་ས་ནག་གྲམ་ཐང་སླར་གསོ་བྱས་པ་དང་རྒྱ་ཁྱོན་ཆུང་ཤོས་ལ་སྨི་ངོས་གྲུ་1ཙམ་དང་ཆེ་ཤོས་ལ་སྨི་ངོས་གྲུ་10ཙམ་ཡོད། འདི་ལོའི་ཟླ་5པར་རྨ་ཆུ་རྫོང་རྩྭ་ཐང་གི་ས་ནག་གྲམ་ཐང་བཅོས་སྐྱོང་རྣམ་གྲངས་དེ་སྐྱེ་ཁམས་ཁོར་ཡུག་པུའི་2023ལོའི་ལྗང་མདོག་ཐཱན་ཉུང་གི་དཔེ་མཚོན་ལ་བདམས་ཡོད།

    མིག་སྔའི་བར་རིམ་རྩིས་བྱས་ན། མཐུན་ཚོགས་ཀྱི་ཁོངས་མི་ཁོར་ཡུག་སྲུང་སྐྱོང་བྱེད་སྒོར་ཐེངས་ཆིག་ཁྲི་ལྷག་ཙམ་ཞུགས་པ་དང་ཁོང་ཚོའི་དཔའ་མི་ཞུམ་པའི་སྙིང་སྟོབས་དེས་མི་མང་པོ་ཞིག་ལ་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད། ཞིང་ཆེན་ཕྱི་ནང་གི་དང་བླངས་པ་300ལྷག་ཙམ་སྔ་རྗེས་སུ་རྨ་ཆུར་ཡོང་ནས་གཅོད་པ་དོན་གྲུབ་དང་མཉམ་དུ་རྩྭ་ཐང་གི་གད་སྙིགས་སྒྲུག་པ་དང་། རྨ་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པ། གཏོར་སྐྱོན་ཕོག་པའི་སྤང་ཐང་སླར་གསོ་བཅས་ལ་ཞུགས་དང་ཞུགས་མུས་ཡིན།

    ལོ་གཅིག་ལྷག་ཙམ་གོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་གཅོད་པ་དོན་གྲུབ་དང་ལས་རོགས་ཚོས་རྨ་ཆུའི་གཞོན་ནུ་ཤེས་ལྡན་པའི་གསོ་སྐྱོང་རྟེན་གཞི་བཙུགས་པ་དང་རྟེན་གཞིའི་ནང་ཚོགས་ཁང་དང་། དཔྱད་ཡིག་ཁང་། ངལ་གསོ་ཁང་སོགས་ཡོད་པས་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་བྱ་ཡུལ་མཁོ་འདོན་བྱས་པ་མ་ཟད། ས་གནས་ཁག་ནས་ཡོང་བའི་དང་བླངས་པ་དང་ཚན་ཞིབ་པར་ངལ་གསོ་ས་ཡང་མཁོ་འདོན་བྱས་ཡོད།

    སྔོ་ཞིང་དྭངས་པའི་ནམ་མཁའི་འོག གཅོད་པ་དོན་གྲུབ་ཀྱིས་ཉེ་དུས་ཀྱི་ལས་འགན་ཐོ་འགོད་བཞིན་འདུག “ས་མཐོའི་རྩྭ་ཐང་སྲུང་སྐྱོང་ཡག་པོ་བྱེད་པ་ནི་བུ་རབས་ཚ་རྒྱུད་ལ་ཕན་པའི་བྱ་བ་ཞིག་རེད། དང་བླངས་བྱེད་སྒོར་མི་དེ་བས་མང་བ་ཞུགས་ཚེ་ང་ཚོའི་རྩྭ་ཐང་ཡང་དེ་བས་མཛེས་སྡུག་ལྡན་པར་གྱུར་སྲིད”ཅེས་ཁོང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།