དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བས་འབུ་སྲིན་ཞིབ་འཇུག་ལ་གཞོལ་ནས་ལོ་སུམ་ཅུ་ལྷག་ཙམ་སོང་བ།

    རི་ཀླུང་དང་ནགས་ཚལ་ཁྲོད་དུ་རང་བྱུང་ཁམས་ཀྱི་མཛེས་པ་ཉམས་སུ་མྱོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2024-07-20

    “འབུ་སྲིན་གྱིས་ཐུན་མོང་མ་ཡིན་པའི་བྱེད་ཐབས་ལ་བརྟེན་ནས་ང་ཚོར་ཚེ་སྲོག་གི་བློ་གྲོས་བརྒྱུད་སྤྲོད་བྱེད་ཀྱི་ཡོད་ལ། དེ་ལས་ངས་ཚེ་སྲོག་གི་སྣ་མང་རང་བཞིན་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་སྔར་བས་མྱོང་ཚོར་ཐུབ་ཀྱི་འདུག”ཟླ་བ་ནི་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་འབུ་སྲིན་ཐོན་ཁུངས་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་ཞིབ་འཇུག་པ་གཞོན་པ་ཡིན་ཞིང་། འབུ་སྲིན་ཞིབ་འཇུག་གི་ལས་ཀ་བྱས་ནས་ལོ་30ཙམ་སོང་ཡོད་ལ། དེ་སྔོན་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་མྱོང་ཡོད།

    དགའ་ཞེན། འབུ་སྲིན་གྱི་འཇིག་རྟེན་ལ་མཚར་སྣང་སྐྱེས་པ།

    “ང་ལས་ཀར་ཐོག་མར་ཞུགས་སྐབས་ཉིང་ཁྲི་ཞིང་འབྲོག་ཅུས་ལ་ལས་བགོས་བརྒྱབ་བྱུང་། 1995ལོར་ང་ཚོ་སྤོ་བོ་རྫོང་དུ་གཞུང་དོན་སྒྲུབ་པར་འགྲོ་སྐབས་ཆར་དུས་འཁེལ་ནས་ཐོག་སྨད་གྲོང་ཚོར་ལུས་བྱུང”འབུ་སྲིན་གྱི་འཇིག་རྟེན་ལ་ཐོག་མར་ཞིབ་འཇུག་བྱེད་འགོ་ཚུགས་པའི་སྐོར་ལ་ཕྱིར་དྲན་བྱེད་བཞིན་ཟླ་བས་སྐབས་དེར་ཚོགས་པའི་ནང་འབུ་སྲིན་སྐོར་ལ་རྒྱུས་མངའ་ཆེ་བའི་ལས་རོགས་ཤིག་འདུག དེ་གར་ལུས་པའི་ཟླ་བ་གཅིག་ལྷག་ཙམ་རིང་ངས་ཉིན་ལྟར་ལས་རོགས་དེ་དང་མཉམ་དུ་ཕྱེ་མ་ལེབ་ལ་ལྟ་ཞིབ་བྱས་པ་ཡིན། དུས་དེ་ནས་བཟུང་ང་ཕྱེ་མ་ལེབ་ལ་ཞིབ་འཇུག་བྱེད་འདོད་ཆེན་པོ་སྐྱེས་བྱུང”ཞེས་བཤད།

    ཉིང་ཁྲི་རུ་ལས་ཀ་ལོ་གསུམ་བྱས་རྗེས་འབུ་སྲིན་སྐོར་ལ་ཞིབ་འཇུག་བྱེད་པའི་སྤྲོ་སྣང་ཆེན་པོ་སྐྱེས་པས་ཟླ་བས་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རུ་ལས་སྒྱུར་རེ་ཞུ་བྱས། འབུ་སྲིན་གྱི་རྨང་གཞིའི་དབྱེ་བ་དང་སྐྱེ་ཁམས་གོམས་གཤིས་ནས་རྙོག་འཛིང་ཆེ་བའི་ལུས་ཁམས་ཀྱི་གྲུབ་ཆ་དང་འགུལ་སྐྱོད་ཀྱི་ཁྱད་ཆོས་བར་ཟླ་བས་སློབ་སྦྱོང་དང་ལག་ལེན་གྱི་ལམ་བུ་འགྲིམ་འགོ་ཚུགས།

    “ཕྲ་མཐོང་ཆེ་ཤེལ་ནས་ཕྱེ་མ་ལེབ་ཀྱི་གཟུགས་པོ་གྲུབ་ཚུལ་ལ་ཐེངས་དང་པོར་ལྟ་སྐབས་ང་རང་ཧང་སངས་བྱུང་། དེ་ཚོའི་གཟུགས་པོ་ཆུང་ཆུང་ནང་མཛེས་ཤིང་མཚར་བའི་སྐྱེ་དངོས་ཀྱི་གྲུབ་ཆ་འདུས་འདུག”ཅེས་ཟླ་བས་བཤད།

    ནགས་ཚལ་དང་རྩྭ་ཐང་དུ་ཕར་འགྲོ་ཚུར་འོང་བྱས་ཏེ་འབུ་སྲིན་སྣ་ཚོགས་ཀྱི་རྗེས་ཤུལ་འཚོལ་བ་དང་། ཚོད་ལྟ་ཁང་དུ་བློ་རྩེ་གཅིག་སྒྲིམ་གྱིས་འབུ་སྲིན་ལ་ལྟ་ཞིབ་ཞིབ་ཚགས་བྱེད་པ། དཔྱད་གཞིའི་ཡིག་རིགས་འབོར་ཆེན་བཀླགས་ནས་སྔོན་རབས་པའི་ཞིབ་འཇུག་ཉམས་མྱོང་བསྡུ་ལེན་བྱེད་པ་ལ་སོགས། ཉེ་བའི་ལོ་30ཡི་རིང་སྟབས་བདེའི་ལྟ་ཞིབ་ནས་འདུས་རྡུལ་སྐྱེ་དངོས་རིག་པ་དང་སྐྱེ་ཁམས་རིག་པ་སོགས་རིག་ཚན་མང་པོའི་སྣོལ་སྡེབ་མཉམ་འདྲེས་ཀྱི་ཞིབ་འཇུག་བར་ཟླ་བས་སེམས་ནུས་ཡོད་ཚད་འབུ་སྲིན་ཞིབ་འཇུག་ཐད་བཏོན་ཡོད། ཟླ་བས“ད་དུང་འགྲན་སློང་མང་པོ་འཕྲད་སྲིད་པས་ངས་སྔར་བས་འབད་བརྩོན་བྱེད་དགོས་ཀྱི་འདུག”ཅེས་བཤད།

    རྒྱུན་འཁྱོངས། བོད་ཀྱི་ས་ཕྱོགས་གང་སར་བཞག་པའི་རྐང་རྗེས།

    ཟླ་བར་མཚོན་ན་བོད་ནི་ས་རྒྱ་ཆེ་ཞིང་སྐྱེ་དངོས་རིགས་ཀྱི་སྣ་མང་རང་བཞིན་འདུས་པའི་ཞིབ་འཇུག་བྱ་གཞི་རེད། ཁོང་གིས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་འབུ་སྲིན་ཐོན་ཁུངས་ཞིབ་འཇུག་ཁང་གི་ཚན་ཞིབ་པའི་སྣེ་ཁྲིད་དེ། འབུ་སྲིན་རིགས་གཅིག་མཁས་ཅན་མང་པོ་དང་མཉམ་འབྲེལ་གྱིས་2016ལོ་ནས་བཟུང་ལོ་ལྟར་ཕྱི་རོལ་དུ་ཚན་རིག་རྟོག་ཞིབ་ཉིན་140ལྷག་ཙམ་བྱེད་ཀྱི་ཡོད།

    2019ལོར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་སྤེལ་སྐབས་ཟླ་བ་ལྷ་ས་དང་། ནག་ཆུ། ཉིང་ཁྲི། གཞིས་རྩེ་སོགས་ས་ཁུལ་གྱི་ཞིང་འབྲོག་སྣོལ་འདྲེས་ཁུལ་དང་། ཞིང་ནགས་སྣོལ་འདྲེས་ཁུལ། ཞིང་ཁུལ་དང་འབྲོག་ཁུལ་གྱི་དབུས་ཁུལ་བཅས་སུ་བསྐྱོད་ནས་མ་དཔེ་འཚོལ་བསྡུ་དང་། སྐྱེ་དངོས་རིག་པ། སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱས་ཤིང་། ཚོགས་པ་དེས་སྡེབ་སྦྱོར་འབུ་སྲིན་ཐོན་ཁུངས་ལས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་བརྟག་དཔྱད་བྱས་ཏེ་རྒྱུན་མཐུད་བེད་སྤྱོད་ཀྱི་གྲོས་འགོ་དང་བྱ་ཐབས་བཏོན་ནས། བོད་ཀྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་གི་ཆགས་གྲུབ་དང་རིམ་འགྱུར་ཞིབ་འཇུག་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

    སྲུང་སྐྱོང་། ས་མཐོའི་སྐྱེ་དངོས་ཀྱི་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཟླ་བའི་ཚོགས་པའི་ཞིབ་འཇུག་ཁ་ཕྱོགས་ནི་ས་མཐོའི་ཕྱེ་མ་ལེབ་རིགས་ཀྱི་སྐྱེ་ཁམས་རིག་པ་རེད། 2017ལོར་ཟླ་བས་ཚོགས་པའི་སྣེ་ཁྲིད་དེ《བོད་ཀྱི་ཕྱེ་མ་ལེབ་ཀྱི་མིང་གཞུང》རྩོམ་སྒྲིག་བྱེད་འགོ་བཙུགས་པ་དང་། བོད་དུ་ཁྱབ་པའི་ཕྱེ་མ་ལེབ་རིགས་600ལྷག་ཙམ་བརྒྱུད་རིམ་ལྡན་པ་དང་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་པ། ཕྱེ་མ་ལེབ་སྣ་ཚོགས་ཀྱི་བཟོ་ལྟའི་ཁྱད་ཆོས་དང་། རྟེན་སའི་རྩི་ཤིང་། གཞི་རྩའི་ཁྱབ་ཡུལ་སོགས་ཀྱི་ཆ་འཕྲིན་ཐོ་འགོད་བྱས་ཡོད།

    “ད་ཆ《བོད་ཀྱི་ཕྱེ་མ་ལེབ་ཀྱི་མིང་གཞུང》ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད་པ་མ་ཟད། ད་དུང་རིགས་གསར་པའང་མུ་མཐུད་ཤེས་རྟོགས་དང་ཞིབ་འཇུག་བྱེད་བཞིན་ཡོད”ཟླ་བས་འབུ་སྲིན་ལ་ཞིབ་འཇུག་བྱས་པ་བརྒྱུད་མི་རྣམས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཤེས་རྟོགས་ཡག་པོ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། “འབུ་སྲིན་ནི་འཛམ་གླིང་ཐོག་སྣ་ཁ་མང་ཤོས་ཤིག་ཡིན་པས་འབུ་སྲིན་ལ་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་རྒྱག་པ་དེ་སྐྱེ་ཁམས་མ་ལག་ལ་དཔྱད་དཔོག་དང་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཆེན་པོ་ཡོད”

    ཟླ་བས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འདས་པའི་ལོ་30ཉེ་བའི་རིང་ལང་ཚོ་དར་ལ་བབ་པའི་གཞོན་སྐྱེས་ཤིག་ནས་མགོ་སྐྲ་དཀར་པོ་ཆགས་ཆགས་བར་ཟླ་བས་བློ་རྩ་བརྟན་པོས་རྒྱུན་འཁྱོངས་ལྷོད་མེད་བྱས་ཡོད། “ངས་སྔར་བཞིན་སྣ་མང་ཕུན་སུམ་ཚོགས་པའི་འབུ་སྲིན་གྱི་འཇིག་རྟེན་མུ་མཐུད་བརྟན་སྲུང་བྱས་ཏེ་ཆུང་ཡང་ངོ་མཚར་ཆེ་བའི་ཚེ་སྲོག་འདི་དག་སྲུང་སྐྱོང་བྱེད་ཀྱི་ཡིན”

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།