དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུའེ་ཀྲོའུ་ཡི་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་ལས་ཞུགས་འབབ་འཕར་ལ་གོ་སྐབས་གསར་པ་སྦྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཨོ་ཏུང་ཆུས་དང་། ལུའོ་ཡུས། ཅང་ཁྲེང་།   |     སྤེལ་དུས།  2024-07-20

    གྲོང་མཐའ་བསྐོར་ནས་རྒྱུག་པའི་ཀྲའེ་ཧའོ་ཆུ་བོ་དེ་ཉིད་མཚན་མོའི་འགྲོས་དང་བསྟུན་ནས་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོ་ཐང་གི་འགྲམ་ནས་དྲག་ཏུ་བཞུར་ཞིང་། ཆུ་བོའི་འགྲམ་གྱི“སྤོ་ལོ་དབྱིངས་པའི་ཁྱིམ་གཞིས”ཞེས་པའི་ཟ་ཁང་དེའི་ནང་གློག་སྒྲོན་རབ་ཏུ་གསལ་ལ་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།

    ཟ་ཁང་དེའི་ནང་འཛུལ་སྐབས་ཕྱོགས་བཞིའི་གྱང་སྟེང་དུ་རུང་ཅང་རྫོང་ཕིང་ཏི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་མཉམ་པར་ཆེན་པོ་མང་པོ་བཀལ་འདུག འགྲེམས་སྒྲོམ་ནང་སྤོ་ལོ་རྒྱག་མཁན་གྱི་མིང་བཀོད་པའི་སྤོ་ལོའི་གྱོན་ཆས་དང་། རྐང་རྩེད་སྤོ་ལོ། དེ་བཞིན་གཟེངས་རྟགས་དང་བྱ་དགའི་བུམ་པ་སྣ་ཚོགས་བསྒྲིགས་འདུག ཡུལ་སྐོར་བ་ཚོ་ཟས་ཆང་གི་སྟོན་མོར་རོལ་བཞིན་པ་དང་། ཐབ་ཚང་དུ་མ་བྱན་རྣམས་ཞལ་ཟས་སྣ་ཚོགས་བཟོ་བཞིན་པ། ཞབས་ཞུ་བ་རྣམས་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པ་སོགས་ཟ་ཁང་དེའི་ནང་འཁྲུག་ཆ་ཤིན་ཏུ་དོད། “ཚོང་ཡག་ཤོས་སྐབས་སུ་ཟླ་བ་གཅིག་ལ་ཁེ་བཟང་སྒོར་ཁྲི་13ཡས་མས་རག་གི་འདུག”ཅེས་ཟ་ཁང་དེའི་འགན་འཁུར་བ་དབྱང་པོས་བརྗོད།

    “སྤོ་ལོ་དབྱིངས་པའི་ཁྱིམ་གཞིས”ཟ་ཁང་ནི་རུང་ཅང་རྫོང་ཕིང་ཏི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་དྲུག་གིས་མ་རྩ་མཉམ་དུ་བཏོན་ནས་བཙུགས་པ་ཞིག་རེད། “ཟ་ཁང་འདི་དང་ཐོག་རུ་གྲོགས་རྣམས་ལ་འཛོམས་འཛོམས་བྱེད་ས་ཞིག་བྱུང་ན་སྙམ་ནས་བཙུགས་པ་རེད། འོན་ཀྱང་ཟ་ཁང་བཙུགས་ཚར་རྗེས་ཚོང་ཡག་པོ་བྱུང་སྟེ་མ་ལྕོགས་ཤིག་ཤིག་ཆགས་ནས་ལས་མི་བདུན་བརྒྱད་ཙམ་ཐོལ་པ་གླ་དགོས་བྱས་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་གྲོང་ཚོའི་རུ་ཁག་གི་རྩལ་འཁྲིད་པ་དབྱང་པོས་བརྗོད་པ་དང་། ཁོང་གིས་སྤོ་ལོའི་རུ་ཁག་ལ་སྦྱོང་བརྡར་བྱེད་དགོས་པ་མ་ཟད། ད་དུང་ཟ་ཁང་གི་འགན་འཁུར་དགོས་པས“ཉིན་ལྟར་ལས་ཀ་མ་ཚར་ཤིག་ཤིག་རེད་འདུག”ཅེས་བརྗོད།

    ཕིང་ཏི་གྲོང་ཚོའི་སྤོ་ལོའི་རུ་ཁག་གི་རུ་དཔོན་ཝུའུ་ཧྭ་ཡུང་གིས། གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་རུ་མི་ནི་ལས་རིགས་རྐང་རྩེད་སྤོ་ལོའི་རུ་མི་མིན་པས། སྤོ་ལོ་བརྒྱབ་ཀྱང་ཡོང་འབབ་མེད་རྐྱེན་རང་བརྟེན་ལས་གཏོད་ནི་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བའི་ཆེད་དུ་རེད། “སྤོ་ལོའི་རུ་ཁག་དེ་སྔོན་སྤོ་ལོ་རྒྱག་སྐབས་གྲོན་དངུལ་ཚང་མ་གཙོ་བོ་སྤོ་ལོ་རྒྱག་མཁན་རང་ཉིད་ཀྱིས་འདོན་དགོས། མཚམས་རེ་ཡིད་མཐུན་རོགས་སྐྱོར་ཕྲན་ཙམ་རག་གི་ཡོད་པ་དང་། མཚམས་རེ་གྲོང་མིས་ཞལ་འདེབས་རྒྱག་གི་ཡོད། འོན་ཀྱང་དེས་འཁྱོལ་ཁག་པོ་རེད”ཅེས་བརྗོད།

    རྐང་རྩེད་སྤོ་ལོ་རྒྱག་པ་ནས་ལས་གཏོད་བྱེད་པའི་བར་དང་། སྤོ་ལོ་རྒྱག་མཁན་ནས་ཟ་ཁང་གི་སྦྱིན་བདག་བར་གྱི་འགྱུར་ལྡོག་ནི་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཀུན་གྱིས་དོ་ཁུར་ཐོབ་པས་རེད། གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་5ཚེས་13ནས་2024ལོའི་ཟླ་6ཚེས་30ཉིན་བར། གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་མུ་འབྲེལ་འགྲན་བསྡུར་དྲ་རྒྱ་ཡོངས་སུ་ལྟ་ཐེངས་དུང་ཕྱུར་700ལྷག་ཟིན་ཡོད། རུང་ཅང་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1169.24ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་130.7ཟིན་ཏེ་མྱུར་དུ་འཕར་བའི་རྣམ་པ་མངོན་ཡོད།

    2023ལོར་ཀུའེ་ཀྲོའུ་ཡི་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐད་གྲགས་ཆེན་པོ་ཆོད་ཚུན། གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རྒྱག་མཁན་ཚོས་བཙུགས་པའི་ཟ་ཁང་དང་། ལུས་རྩལ་མཁོ་ཆས་ཚོང་ཁང་ཆར་རྗེས་ཀྱི་མྱུ་གུ་རྒྱས་པ་བཞིན་སྒོ་ཕྱེ་ཡོད།

    ཡུད་ཙམ་སྐད་གྲགས་ཆོད་པ་ནས་གཏན་དུ་གནས་པ་དང་། ཀུན་གྱི་དོ་ཁུར་བྱ་ཡུལ་ནས་རྒྱུན་འཇགས་སུ་གྱུར་པ། རོལ་རྩེད་ནས་ཐབས་ལམ་དུ་གྱུར་ཏེ་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཉིད་རུང་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཆེན་པོ་ཞིག་ཆགས་ཡོད། 2023ལོར་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་ཚུན། ཡུལ་དེའི་སྲིད་གཞུང་གིས་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱེད་སའི་འགྲམ་དུ་ཁྲོམ་བཀྱག་མང་པོ་འཆར་འགོད་བྱས་ནས་ལས་ཞུགས་ལས་གནས་1200ལྷག་ཙམ་བཀོད་སྒྲིག་བྱས་ཏེ་མི་4000ལྷག་ཙམ་ལ་ཐག་ཉེ་ས་ནས་ལས་ཞུགས་འབབ་འཕར་ཡོང་བར་རོགས་རམ་བྱས་ཡོད། རྫོང་ཡོངས་སུ་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཞིམ་ཟས་རྟེན་གཞི་འདྲ་བའི་ཁྲོམ་རའི་བྱེད་པོ་4019མང་དུ་ཕྱིན་ནས་རིམ་རྩིས་བྱས་ན་མི་ཁྲི་1.1ལྷག་ཙམ་ལ་ལས་ཞུགས་སྐུལ་ཁྲིད་ཐུབ་ཡོད།

    “འདི་ལོའི་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”ཚར་གྲབས་ཡོད་ནའང་། རྫོང་ཁོངས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་འཛུགས་ལ་ཉེ་ཞིང་། ཁ་ས་ཚོང་ཁང་དུ་རུ་ཁག་གསུམ་གྱིས་རྐང་རྩེད་སྤོ་ལོའི་གྱོན་ཆས་དང་རྐང་རྩེད་སྤོ་ལོ་ཉོ་བར་ཡོང་སྟེ་སྒོར་ཁྲི་3ལྷག་ཙམ་གྱི་མངགས་ཐོ་བཞག་སོང”གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཁྲུག་ཆ་དོད་དུ་སོང་བ་དང་བསྟུན་ནས་རུང་ཅང་རྫོང་དུ་རྐང་རྩེད་སྤོ་ལོའི་རུ་ཁག་ཀྱང་ཇེ་མང་དུ་སོང་ཞིང་། རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྐང་རྩེད་སྤོ་ལོའི་མཁོ་ཆས་བྲིན་ཁ་དེ་བས་རྒྱུག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད། དེས་མ་ཟད། རྫོང་གིས་ད་དུང་ཧྲེན་ཀྲེང་གྲོང་ཁྱེར་ནས་གཡོད་ཆན་ངོ་མཚར་གྱོན་ཆས་བཟོ་གྲྭ་གདན་དྲངས་ཏེ་རྐང་རྩེད་སྤོ་ལོའི་གྱོན་ཆས་སྣ་ཚོགས་ཐོན་སྐྱེད་བྱས་པས། ན་ནིང་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལྷག་ཙམ་ཟིན་པ་དང་། དཔྱ་ཁྲལ་སྒོར་ཁྲི་130བསྐྱལ་བ་མ་ཟད། ཐག་ཉེ་སར་མི་100ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད་ཅེས་ཁྲེན་ཤིང་ཞང་གིས་བརྗོད།

    གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོ་རྒྱག་མཁན་གྱིས་ལས་གཏོད་ཚོང་ཁང་བཙུགས་པ་གྲངས་ལས་འདས་ཤིང་། ཕིང་སྒྲིལ་ཟ་ཁང་དང་། ལག་བརྒྱུད་རླངས་འཁོར་ཉོ་ཚོང་ཀུང་སི། བྱ་ཤའི་ཟ་ཁང་། ཁོ་ཧྥེ་ཁང་སོགས་སྤོ་ལོ་རྒྱག་མཁན་ཚོས་བཙུགས་པའི་ཟ་ཁང་དང་ཚོང་ཁང་ཚང་མར་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལས་བྱུང་བའི་ཁེ་བཟང་རག་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།