དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གནས་ཡུལ་གྲོང་ཚོའི་ཡུལ་མི་བུ་ཆུང་གིས་བརྗོད་དོན།

    “འཚོ་བ་འབྲི་ཏ་ས་འཛིན་ལས་མངར”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2024-07-20

    འདི་ནི་བུ་ཆུང་གིས་དྲོད་ཁང་ཆེན་པོར་འབྲི་ཏ་ས་འཛིན་འཐུ་བཞིན་པ།

    “སྒོ་རྩིས་ཚོང་ཁང་གིས་འབྲི་ཏ་ས་འཛིན་སྒམ་ཆུང་10དང་གྲོང་པ་ཁྱིམ་མཚེས་ཀྱིས་སྒམ་ཆུང་5མངགས་བྱུང”ཞེས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གནས་ཡུལ་གྲོང་ཚོའི་ཡུལ་མི་བུ་ཆུང་གིས་དྲོད་ཁང་ཆེན་པོར་འབྲི་ཏ་ས་འཛིན་གྱི་སྡོང་ཕྲུག་ཁག་གཅིག་འདེབས་གསོ་བྱེད་ཞོར་དུ་ཕྲུ་གུའི་མནའ་མས་དེ་ལྟར་བཤད་པ་ཐོས།

    “དེ་སྔ་འབྲི་ཏ་ས་འཛིན་ཟེར་བ་གང་ཡིན་ཤེས་ཀྱི་མེད་ལ་མཐོང་མྱོང་དང་གོ་མྱོང་ཡང་མེད། ད་ཆ་ཉིན་གང་དེར་གཡོག་བྱེད་བྱེད་པར་མགོ་འཁོར་ནས་འཚོ་བ་འབྲི་ཏ་ས་འཛིན་ལས་མངར”ཞེས་བུ་ཆུང་གི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་དུ་བཤད་པ་དང་། ཁོང་གིས་མི་ཚེ་ཕྱེད་ཙམ་ཕྱིན་སྐབས་འབྲི་ཏ་ས་འཛིན་འདེབས་རྒྱུ་ཤེས་སོང་ཞེས་བཤད།

    2019ལོར་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་དང་ལག་རྩལ་གྱི་རོགས་རམ་ལ་བརྟེན་ནས་བུ་ཆུང་གིས་ཐོག་མར་སྔོ་ཚལ་འདེབས་པའི་ལས་ལ་གཞོལ་བ་མ་ཟད། སྔོ་ཚལ་དྲོད་ཁང་ཆེན་པོ་རང་འགུལ་ངང་འགན་གཙང་བླངས་ནས“འགན་གཙང་འགྲོ་གྲོན་སྤྲོད་མི་དགོས་པའི་ཐོག་ཁེ་སྤོགས་ཚང་མ་རང་ཉིད་ལ་བདག་རྒྱུ་བྱུང”ཡོད། ཁོང་གིས་ལོ་དེར་རང་ཉིད་དབུལ་པོ་ནས་སྒྲོལ་མ་ཐག་ཡིན་པ་དང་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་འདོད་ཀྱི་བསམ་བློ་འཁོར་བྱུང་ཞེས་བཤད།

    “རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་ལ་ཐོན་སྐྱེད་དང་རྒྱུན་གཏན་གྱི་གཡོག་བྱེད་འགན་གཙང་ལེན་དུ་འཇུག་ཆེད། རྫོང་ས་གཙང་ཀུང་སིས་ཐབས་ལམ་གྱི་ལེགས་ཆར་བརྟེན་ནས་ཁྲོམ་ར་གཉེར་སྐྱོང་དང་བྲིན་ཚོང་གི་འགན་ཁུར་ཡོད”ཅེས་སྙེ་མོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་སུན་ཅིས་དབྱིང་གིས་བཤད།

    སྲོལ་རྒྱུན་གྱི་ནས་བཏབ་ཚེ་ཐོན་འབབ་ལོ་གཅིག་ལ་ཐེངས་རེ་ལས་མེད་པས་དྲོད་ཁང་ཆེན་པོར་སྔོ་ཚལ་བཏབ་ཚེ་ལོ་གཅིག་ལ་ཐོན་འབབ་ཐེངས་གསུམ་ཙམ་ཡོང་བས་བུ་ཆུང་གི་ལས་ཀའི་སྤྲོ་སྣང་སླར་ཡང་འཕེལ་ཞིང་། ཁོང་གིས“2019ལོར་སྔོ་ཚལ་དྲོད་ཁང་གཅིག་ལས་ཁེ་བཟང་སྒོར་ཁྲི་2ལྷག་ཙམ་རག་གི་འདུག”ཅེས་བཤད།

    2023ལོའི་ཟླ་བརྒྱད་པར། བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་པེ་ཅིང་ཧྲུན་དབྱི་ཆུས་ལུང་དབན་ཐུན་གྲོང་རྡལ་གྱིས་སྙེ་མོ་རྫོང་ལ་འབྲི་ཏ་ས་འཛིན་དམར་པོའི་སྡོང་ཕྲུག་9000དང་། མེ་ཙའོ་སྲེའུ་ཡི་སྡོང་ཕྲུག་2000ཞལ་འདེབས་བརྒྱབ་ཡོད། འབྲི་ཏ་ས་འཛིན་ཚོད་འདེབས་བྱེད་འགོ་བརྩམས་པའི་བུ་ཆུང་གིས“དེ་དུས་རྫོང་གིས་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ཆེན་པོ་ཞིག་རང་ཉིད་ལ་འགན་གཙང་སྤྲད་པས་ངས་དགའ་སྤྲོའི་ངང་དང་ལེན་བྱས་པ་ཡིན”ཞེས་བཤད།

    བུ་ཆུང་གིས་ཉིན་ལྟར་ཞོགས་པ་ཆུ་ཚོད་ལྔ་པ་ཙམ་ནས་ལངས་ཏེ་དྲོད་ཁང་དུ་འབྲི་ཏ་ས་འཛིན་ལ་གཡོག་བྱེད་བྱེད་པར་འགྲོ་བ་དང་། དེ་ནས་སྔོ་ཚལ་དྲོད་ཁང་ཆེན་པོར་ལྗང་པར་ཆུ་བརྒྱབ་པར་འགྲོ་བ་སོགས་བྱེད་ཀྱི་ཡོད། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་འདི་འདྲ་ཡོད་པས་ང་ཚོས་སྔར་བས་འབད་བརྩོན་བྱེད་དགོས། ད་ཆ་རང་ལ་རྫོགས་མཐའ་མེད་པའི་ངར་ཤུགས་ཤིག་སྐྱེས་ཀྱི་འདུག”ཅེས་བུ་ཆུང་གིས་བཤད།

    བུ་ཆུང་ཉིན་ལྟར་བྲེལ་འཚུབ་ཆེ་བའི་ལས་ཀ་ཚར་རྗེས་འབྲི་ཏ་ས་འཛིན་གྱི་དྲོད་ཁང་དུ་ཡོང་ནས་འབྲི་ཏ་ས་འཛིན་རྡོག་པོ་རེ་རེ་བཞིན་སླེ་པོའི་ནང་བླུགས་ཏེ་གཟབ་གཟབ་ངང་གློག་སྒུལ་སྦག་སྦག་གི་རྒྱབ་ཏུ་འཇོག་པ་དང་ལོག་འགྲོ་སྐབས་ས་རུབ་ཀྱི་ཡོད། “འབྲི་ཏ་ས་འཛིན་ཁག་གཅིག་ཉིན་གཉིས་གསུམ་རེར་ཐེངས་རེ་སྨིན་གྱི་ཡོད”ཅེས་བུ་ཆུང་གིས་བཤད་པ་དང་། ཁོང་གིས་དྲོད་ཁང་ཆེན་པོ་རེ་ནས་ཉིན་ལྟར་འབྲི་ཏ་ས་འཛིན་སྒམ་ཉི་ཤུ་སུམ་ཅུ་ཙམ་ཐོན་ཏེ་ཆ་སྙོམས་སྒམ་རེར་སྒོར་40བྱས་ཏེ་བཙོང་ཐུབ་ཀྱི་འདུག་ཅེས་བཤད།

    “ཉིན་ལྟར་བུ་ཆུང་གི་ས་ནས་འབྲི་ཏ་ས་འཛིན་མངགས་པ་མ་ཟད། མཚམས་རེ་དགོས་མཁོ་སྐོང་ཐུབ་ཀྱི་མི་འདུག”ཅེས་ས་གཙང་ཀུང་སིའི་འགན་འཁུར་བ་ཏང་ཞའོ་ཧྥུང་གིས་བཤད།

    2023ལོར་སྙེ་མོ་རྫོང་ཐོན་པ་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་ཡོང་འབབ་སྒོར་ཁྲི་340.6བྱུང་བ་དང་། མང་ཚོགས་81ལས་ཞུགས་ཐུབ་པ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.5ཡན་བྱུང་ཡོད།

    “ད་ཆའི་འཚོ་བར་ང་ཧ་ཅང་དགའ་པོ་ཡོད། དཔྱིད་ཀར་ནས་འདེབས་པ་དང་། ལོ་གཅིག་དུས་བཞིར་སྔོ་ཚལ་དང་འབྲི་ཏ་ས་འཛིན་འདེབས་ནས་འཚོ་བ་ཉིན་བཞིན་སྐྱིད་དུ་འགྲོ་བ་དང་འབྱོར་ཕྱུག་ལྡན་པ་ཞིག་ཡོད”ཅེས་བུ་ཆུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།