རྟེན་རྫས་བཤམས་མཛོད་ཁང་སྣ་ཚོགས་ཀྱིས་སྐྱེ་བོའི་ཡིད་དབང་ཅིག་ཅར་དུ་འཕྲོག་པ།
—— རང་ལྗོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་འཕེལ་རྒྱས་དང་འཛུགས་སྐྲུན་སྐོར་རགས་ཙམ་བཀོད་པ།
འདི་ནི་བོད་ལྗོངས་རྟེན་མཛོད་ཁང་ཡིན་པ།
སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་དང་དེ་བཞིན་མི་རྣམས་ཀྱི་བསམ་པའི་རིག་གནས་འཚོ་བའི་དོན་གཉེར་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས། མི་དེ་བས་མང་བ་ཞིག་གིས་རྟེན་རྫས་བཤམས་མཛོད་ཁང་ལ་ངོས་འཛིན་ཐུབ་ཚད་དང་རྒྱུས་མངའ་ལོན་ཚད་ཉིན་རེ་བཞིན་ཇེ་གསལ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། མི་མང་པོ་ཞིག་གིས་ས་ཆ་གང་དུ་ཡུལ་སྐོར་དུ་སླེབས་ཀྱང་ཡུལ་དེའི་དམིགས་བསལ་ཁྱད་ཆོས་ལྡན་པའམ་ཡང་ན་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་པ་ནི་གདམ་ག་གལ་ཆེན་ཞིག་ཏུ་བརྩིས་ཏེ་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་དང་པར་རིས་བརྒྱུད་ནས་ས་ཆ་དེའི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་ཀྱི་རིག་གནས་སྣང་ཚུལ་ལ་རྒྱུས་མངའ་སྔར་བས་ཟབ་པ་ཡོང་རེ་བྱེད་ཀྱི་ཡོད། ད་དུང་མི་ལ་ལ་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་ཀྱི་ཞིང་ཁམས་སུ་བློ་རྩེ་གཅིག་སྒྲིམ་གྱིས་མྱུལ་ཏེ་མནོ་བསམ་གྱི་དབྱིངས་སུ་ཚུད་ཀྱི་ཡོད།
བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་སྔ་དེང་།
བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་སྐོར་གླེང་མ་ཐག་མི་རྣམས་ཀྱིས་དེའི་དམིགས་བསལ་གྱི་གནས་བབ་ལམ་སེང་དྲན་སྲིད། དེ་ནི་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་སྔ་ཤོས་དེ་རེད་ལ། བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ཕྱོགས་བསྡུས་རྟེན་རྫས་བཤམས་མཛོད་ཁང་ཞིག་ཀྱང་རེད།
1999ལོར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལྷ་སར་བསྐྲུན་ནས་སྒོ་ཕྱེ་བ་དང་། རྟེན་རྫས་བཤམས་མཛོད་ཁང་དེ་གཙོ་བོ་འགྲེམས་ཁུལ་དང་མཛོད་ཁུལ་གཉིས་སུ་དབྱེ་ཡོད། འགྲེམས་ཁང་གི་ཐོག་སོ་དང་པོ་ནི་དངོས་མང་སྟོན་ཚོགས་ཀྱི་ཚོམས་ཆེན་ཡིན་པ་དང་། ཐོག་སོ་གཉིས་པ་དང་གསུམ་པར་ཆེད་དམིགས་འགྲེམས་ཁང་8ཡོད་པའི་ནང་བོད་དུ་ཡི་གེ་མ་བྱུང་གོང་དང་། ལོ་རྒྱུས་ཀྱི་དུས་སྐབས་རིམ་བྱུང་། རང་བྱུང་། དམངས་སྲོལ། བཟོ་རྩལ་སོགས་ཕྱོགས་8ཐད་ཀྱི་རིག་དངོས་དང་དངོས་པོ་འགྲེམས་སྟོན་བྱས་ཡོད་པ་རེད།
ལོ་མང་རིང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས“ཕྱིར་སྐྱོད་པ”དང“ནང་དུ་གདན་དྲངས་པའི”བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ། འགྲེམས་ཁང་ནང་བོད་ཀྱི་ལོ་རྒྱུས་དང་རིག་གནས་འགྲེམས་སྟོན་དང་། བོད་བྱང་ཐང་གི་རང་བྱུང་ཐོན་ཁུངས་ཀྱི་ཆེད་དོན་འགྲེམས་སྟོན། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དཀར་ཡོལ་སྤུས་མའི་འགྲེམས་སྟོན། ངོ་མཚར་ཆེ་བའི་བཀོད་པ། ནང་བསྟན་སྒྱུ་རྩལ་འགྲེམས་སྟོན། ཐང་རྒྱལ་རབས་དང་ཅིན་རྒྱལ་རབས་ཀྱི་སྒེག་ཉམས། གནའ་བོའི་ཧྲན་ཤིས་ཀྱི་སྒྱུ་རྩལ་འགྲེམས་སྟོན། ཡེ་ཤིང་ཧྲེང་དམངས་ཁྲོད་གཅེས་ཉར་ཞལ་འདེབས་རིག་དངོས་འགྲེམས་སྟོན། 《ཏང་གི་འོད་ཟེར་མཐའ་མཚམས་ཡུལ་ལ་འཕྲོས། མཛེས་སྡུག་ལྡན་པའི་ས་མཐོའི་ལེའུ་གསར་བརྩམས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན》 “ལོ་རྒྱུས་ཀྱི་བདེན་དཔང”རིག་དངོས་སྤུས་ལེགས་འགྲེམས་སྟོན་བཅས་གཉེར་བ་མ་ཟད། ད་དུང་རྒྱལ་ནང་དང་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་བྱས་ཏེ་གངས་ལྗོངས་ཀྱི་མུ་ཏིག བོད་ཀྱི་རིག་གནས་འགྲེམས་སྟོན(པེ་ཅིང)དང་། བཀྲ་ཤིས་དགའ་སྟོན། བོད་ཀྱི་རིག་དངོས་རྩ་ཆེན་འགྲེམས་སྟོན(ཤང་ཀང་དང་ཀོང་ཀྲོའུ) བོད་ཀྱི་རིག་དངོས་སྤུས་ལེགས་འགྲེམས་སྟོན(ཤང་ཀང) གངས་ལྗོངས་ཀྱི་གཅེས་ནོར(ཧྲང་ཧའེ) གངས་ལྗོངས་ཀྱི་མཆོག་ནོར། བོད་ཀྱི་རིག་དངོས་འགྲེམས་སྟོན(ནན་ཅིང) ཀྲུང་གོའི་བོད་ལྗོངས་ཀྱི་རིག་དངོས་ཨ་རིར་འགྲེམས་སྟོན། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་འགྲེམས་སྟོན(པེར་ཀྲེམ་དང་ཁ་ན་ཏ) ཀྲུང་གོའི་བོད་ལྗོངས་ཀྱི་རིག་དངོས་འཇར་མན་དུ་འགྲེམས་སྟོན། ཀྲུང་གོའི་བོད་ལྗོངས་ཀྱི་རིག་དངོས་རི་པིན་དུ་འགྲེམས་སྟོན་སོགས་སྐོར་སྐྱོད་འགྲེམས་སྟོན་བྱས་ཡོད།
2016ལོའི་ཟླ་12པ་ནས་བཟུང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒོ་བརྒྱབ་ནས་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཚུན། མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣས། བསྐྱར་སྐྲུན་རྒྱས་སྐྲུན་བྱས་རྗེས་ཀྱི་དེང་རབས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་གིས་ཉིན་རེར་མི་7000ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད་པ་དང་སྤྱོད་ཡུན་ལོ་100ཡིན་པ་རེད། སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། ནུས་པ་སྔར་བས་ལུགས་དང་མཐུན་པ། སྒྲིག་བཀོད་སྔར་བས་སྔོན་ཐོན། ས་ཁོངས་རིག་གནས་དང་དུས་རབས་ཀྱི་སྙིང་སྟོབས་སྔར་བས་ཟུང་འབྲེལ་དམ་ཟབ་བཅས་བྱུང་ཡོད་ཅེས་ངོ་སྤྲོད་བྱས། མིག་སྔར་རྣམ་གྲངས་དེ་སྤྱིར་ན་ལེགས་གྲུབ་ཟིན་ནས་མཇུག་འགྲིལ་ལས་ཀ་དང་བཅོས་སྒྲིག་བྱེད་བཞིན་ཡོད་པ་དང་། མི་རིང་བར་རྦད་དེ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རེད།
རྟེན་རྫས་བཤམས་མཛོད་ཁང་གསར་པ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ།
གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་རྟེན་རྫས་བཤམས་མཛོད་ཁང་དང་ཚན་རྩལ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གཞིས་རྩེའི་རྟེན་རྫས་བཤམས་མཛོད་ཁང་དང་། ཉིང་ཁྲིའི་རྟེན་རྫས་བཤམས་མཛོད་ཁང་། ནག་ཆུའི་རྟེན་རྫས་བཤམས་མཛོད་ཁང་། མངའ་རིས་ཀྱི་རྟེན་རྫས་བཤམས་མཛོད་ཁང་སོགས་སྐྲུན་བཞིན་ཡོད་པ་མ་ཟད། ལས་གྲྭ་གཙོ་བོ་མང་ཆེ་བ་བསྐྲུན་ཟིན་ནས་འགྲེམས་སྟོན་ཇུས་འགོད་དང་འགྲེམས་རྫས་བསྡུ་རུབ་བྱེད་བཞིན་ཡོད་པ་རེད། དེ་དང་དུས་མཚུངས་རང་ལྗོངས་སུ་ད་དུང་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དང་། ལྷ་མོའི་རྟེན་རྫས་བཤམས་མཛོད་ཁང་། བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་སོགས་ལས་རིགས་སྣ་ཚོགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དང་། བོད་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དྲན་གསོ་ཁང་དང་། ཐེན་ཀོན་སན་དྲན་གསོའི་སྐྱེད་ཚལ། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན། ཁེ་གསུམ་གྱི་གྲོང་གསེབ་ཏང་ཀྲི་པུའུ་དང་པོའི་གནས་རྙིང་འགྲེམས་སྟོན་ཁང་། སྤོ་བོ་རྫོང་ཁྲབ་རྨོག་གི་ལྟེ་གནས་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ། མངའ་རིས་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་གནས་རྙིང་འགྲེམས་སྟོན་ཁང་། སྒེར་རྩེ་རྫོང་གི་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་སོགས་བཤམས་སྟོན་ཁང་སྣ་ཚོགས་ཡོད། རྟེན་རྫས་བཤམས་མཛོད་ཁང་དེ་དག་རང་ལྗོངས་ཀྱི་ས་གནས་ཁག་གི་ཁྱད་ལྡན་རིག་གནས་དང་ལོ་རྒྱུས་རིག་གནས་འགྲེམས་སྟོན་གྱི་སྐར་ཁུང་དུ་གྱུར་ཡོད་ལ། གྲོང་ཁྱེར་དང་ས་གནས་ཁག་གི་མིང་བྱང་ལྟ་བུར་ཡང་གྱུར་ཡོད།
དེ་དང་ཆབས་ཅིག་བོད་སྤོས་རྟེན་རྫས་བཤམས་མཛོད་ཁང་དང་། ཆོས་འབྱོར་གནའ་རབས་གོ་མཚོན་རྟེན་མཛོད་གླིང་། བོད་ལྗོངས་བཤད་སྒྲ་ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་དོག་སྡེའི་དངུལ་ཊམ་རྟེན་རྫས་བཤམས་མཛོད་ཁང་བཅས་དམངས་གཉེར་རྟེན་རྫས་བཤམས་མཛོད་ཁང་མང་པོ་ཞིག་རིམ་བཞིན་ཐོན་ཡོད། དེ་དག་རྒྱལ་ཁབ་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་མིན་ནའང་། དེ་དག་ལ་རང་བརྟེན་རང་བཞིན་དང་རིག་དངོས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ཁོང་ཚོའི་གཞི་ཁྱོན་བལྟོས་བཅས་ཀྱིས་ཆུང་ཙམ་ཡོད་ནའང་། ས་གནས་དེ་གའི་ས་ཁོངས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཁྱད་ཆོས་དང་འབྲེལ་བ་དེ་བས་ཟབ་པས། ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཡོད།