དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་ལྗོངས”རྟགས་ཅན་གྱི་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་པ།

    —— ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་25པའི་བོད་ལྗོངས་འགྲེམས་ཁང་གི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-20

    ཟླ་7ཚེས་11ཉིན་ནས་ཚེས་15ཉིན་བར། “སྒོ་དབྱེ་མཉམ་ལས། ལྗང་མདོག་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་25པ(གཤམ་དུ“མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”ཞེས་བསྡུ་རྒྱུ)ཟི་ལིང་དུ་འཚོགས་པ་རེད། སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་28དང་། དེ་བཞིན་ཐེ་ལན་དང་། ཨུ་ཟ་བྷེ་ཁི་སི་ཐན། འཁྱགས་གླིང་སོགས་རྒྱལ་ཁབ་དང་ས་ཁུལ་6གི་ཁེ་ལས་1000ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་འཐུས་མི་ཚོགས་པ་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་སྣེ་ཁྲིད་བྱས་ཤིང་། “སྲིད་གཞུང་ཚོགས་པ+ཁེ་ལས་ཚོགས་པའི”རྣམ་པ་ལས་གྲུབ་པ་དང་། ལྗོངས་ནང་ཁུལ་གྱི“གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན། གསར་པ”བཅས་ཀྱི་ཁེ་ལས་རྩེ་གྲ་23འགྲེམས་སྟོན་ལ་ཞུགས་པ། འགྲེམས་རྫས་ཀྱི་གྲས་སུ་ནས་ཀྱི་ཐོན་རྫས་རིགས་དང་། དབྱར་རྩྭ་དགུན་འབུ། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས། རིག་གནས་བསམ་བཀོད་ཐོན་རྫས། ཆང་རག་རིགས། སྤོས། བོད་སྨན་སོགས་ཐོན་རྫས་སྣ་ཁ་100ལྷག་ཙམ་ཚུད་ཡོད།

    བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི་ནི་ས་མཐོའི་ས་ཁུལ་གྱི་ནུས་མང་ཐབ་ཆས་བཟོ་མཁན་ཁེ་ལས་ཐོག་མ་དེ་ཡིན་ཞིང་། 2022ལོའི་ཟླ་7པར་བཙུགས་ཚུན་ཞིབ་འཇུག་གསར་སྤེལ་བྱས་པའི་ས་མཐོའི་ནུས་མང་དབུགས་རྡིག་དང་། ས་མཐོའི་རླངས་སྒམ། ས་མཐོའི་ཆུ་སྐོལ་ཆས་སོགས་ཐོན་རྫས་རབ་དང་རིམ་པ་ཁྲོམ་རར་བཏོན་མ་ཐག་ལྗོངས་ནང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ཕྱིར་ཚོང་བྱེད་ཚད་ཀྱང་རྒྱུན་མཐུད་འཕར་ཏེ་ལོའི་ཐོན་ཚད་ཁྲི་100ཟིན་གྱི་ཡོད།

    འགྲེམས་ཞུགས་ཚོང་པའི་འཐུས་མི་བསྟན་འཛིན་སྒྲོལ་དཀར་གྱིས་གསར་འགོད་པར། “ད་ཐེངས་ནི་ང་ཚོའི་ཀུང་སི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུཌ་ཐེངས་དང་པོ་ཡིན། ལས་སྟེགས་འདི་བརྒྱུད་ས་མཐོའི་ཁུལ་གཅིག་པ་ཡིན་པའི་མཚོ་སྔོན་དང་། ལྷག་པར་དུ་ས་གནས་དེ་གའི་མི་སེར་དང་འབྲེལ་ཡོད་ཁེ་ལས་ལ་ང་ཚོའི་ས་མཐོའི་ཐབ་ཆས་འོས་སྦྱོར་དང་ཁྱབ་གདལ་བཏང་ནས། ང་ཚོའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་གི་ཡིན”ཞེས་བརྗོད།

    དེ་སྔོན་དང་འདྲ་བར་སྲོལ་རྒྱུན་བོད་སྨན་ཐོན་རྫས་ཀྱི་འགྲེམས་གནས་ཀྱིས་མི་མང་པོའི་ཡིད་དབང་འགུག་བཞིན་ཡོད།

    “སྤོས་ཀྱི་དྲི་མ་ཞིམ་པོ་འདུག བོད་ཀྱི་ས་ཆ་གང་ནས་བཟོས་པ་རེད་དམ། རྒྱུ་ཆ་གཙོ་བོ་གང་རེད་དམ”སྟོད་ལུང་བདེ་ཆེན་ཆུས་ཀྱི“མཚུར་ཕུའི”སྤོས་ཀྱི་འགྲེམས་ཁུལ་དེ་འགྲེམས་སྟོན་ཁུལ་གྱི་རྒྱལ་སྒོ་འཛུལ་མ་ཐག་པའི་མངོན་གསལ་དོད་ཤོས་སུ་ཡོད་པ་དང་། འགྲེམས་སྟོན་གྱི་ཉིན་དང་པོ་ནས་བཟུང་དེ་གར་མི་ཚོགས་ཀྱིས་ཁེངས་ཤིང་། མི་རྣམས་ཀྱིས་སྤོས་སྣ་ཚོགས་ཀྱི་དྲི་ཞིམ་སྣོམ་བཞིན་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་མཆིས།

    འགྲེམས་སྟོན་གྱི་ཉིན་བཞི་པར་འགྲེམས་གནས་དེའི་ཐོན་རྫས་ཚང་མ་བྲིན་པས་འགྲེམས་ཞུགས་ཚོང་པ་དབང་ལགས་ལ་དགའ་བ་དཔག་མེད་བྱུང་ཡོད། ཁོང་གིས་གསར་འགོད་པར། ན་ནིང་དང་བསྡུར་ན། ད་ལོའི་འགྲེམས་ཞུགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་4ལས་བརྒལ་ཏེ་ཁྲི་5ཟིན་གྲབས་འདུག་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། “བོད་ཀྱི་སྤུས་རྟགས་བོད་ནས་ཐོན་པ”དེ་འགོག་ཐབས་བྲལ་བའི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཏེ། དྲ་ཐོག་དང་དྲ་ཕྱིའི་ལས་སྟེགས་གང་སར“བོད་ལྗོངས”རྟགས་ཅན་གྱི་ཁྱད་ལྡན་ཐོན་རྫས་མཐོང་རྒྱུ་ཡོད།

    བོད་ལྗོངས་འགྲེམས་ཁང་དུ་གསར་འགོད་པས་སྣང་ཚུལ་འདི་འདྲ་ཞིག་མཐོང་བ་སྟེ། གཏེར་ཆུ“7100”རྟགས་ཅན་གྱི་འགྲེམས་ཁུལ་གྱི་མདུན་དུ་ཕོ་གཞོན་ཞིག་གིས་ཆུ་འགྱིག་དམ་ཁ་ཤས་བླངས་རྗེས་འཕྲལ་མར་དངུལ་སྤྲད་དེ་ལོག་རྩིས་བྱེད་བཞིན་འདུག གསར་འགོད་པས་དེ་མུར་ཕོ་གཞོན་དེའི་གམ་དུ་ཕྱིན་ནས“ཁྱེད་ཀྱིས་ཆུ་ཁ་གང་ཡང་བཏུང་མ་སོང་། བྲོ་བ་གང་འདྲ་ཡོད་མེད་ཤེས་ཀྱི་ཡོད་དམ”ཞེས་དྲིས་པར། ཕོ་གཞོན་དེས“འདི་བོད་ལྗོངས་ཀྱི་ཅ་ལག་རེད། ཡག་པོ་ཡོད་པ་སྨོས་མེད་རེད”ཅེས་ལན་བཏབ་བྱུང་། ལན་དེ་ནི་བོད་ཀྱི་ཐོན་རྫས་ལ་ཁས་ལེན་ཡག་ཤོས་བྱས་པ་ཞིག་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་བོད་ལྗོངས་ཀྱི་འགྲེམས་ཁང་གི་ས་གནས་ས་ཐོག་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་35ཟིན་པ་དེ་སྔོན་དཔག་གི་དམིགས་ཚད་ལས་བརྒལ་ཡོད་པ་རེད།

    ད་ཐེངས་ཀྱི་འགྲེམས་ཚོང་བརྒྱུད། བོད་ལྗོངས་ཀྱི་ཐོན་རྫས་རྩེ་གྲ་དང་སྤུས་རྟགས་གཏོད་པའི་ཐད་ཀྱི་གསར་གཏོད་ཀྱི་ལག་ལེན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ཐུབ་སྟེ། རང་ལྗོངས་ཀྱི་ཁྱད་ལྡན་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་དང་ཁུལ་ཁོངས་ཀྱི་མཉམ་འགུལ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྦྲེལ་ཟམ་གལ་ཆེན་ཞིག་བསྐྲུན་ཡོད།

    སླད་ཕྱིན། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་ཕྱིན་ཏེ་བོད་ལྗོངས་ཀྱི་ཐོན་རྫས་དེ་བས་མང་བ་བོད་ལྗོངས་ནས་འཛམ་གླིང་གི་ཕྱོགས་སུ་སྐྱོད་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།