དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་རིན་པོ་ཆེའི་འདབས་ཀྱི“བཟའ་ཚོའི་ལས་གཉེར་ཚོམས་ཆེན”

    —— འཆི་མེད་རྡོ་རྗེ་དང་སྤེན་པ་སྒྲོལ་མའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-20

    2009ལོར་གངས་རིན་པོ་ཆེའི་འདབས་ཀྱི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་དུ་སྒུལ་བདེའི་ལས་གཉེར་ཚོམས་ཆེན་དང་པོ་དེ་བཙུགས་ཤིང་། གཞོན་པ་འཆི་མེད་རྡོ་རྗེ་དང་ཁོང་གི་ཆུང་མ་སྤེན་པ་སྒྲོལ་མ་སྔ་རྗེས་སུ་འདི་གར་ཡོང་ནས“བཟའ་ཚོའི་ལས་གཉེར་ཚོམས་ཆེན”གྱི་གཏམ་རྒྱུད་སྙན་པོ་དེ་ནས་ཤོད་འགོ་ཚུགས།

    བར་ག་ཤང་དུ་སླེབས་པའི་ལོ་བཅུ་ལྷག་ཙམ་རིང་། འཆི་མེད་རྡོ་རྗེ་དང་ཆུང་མས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཟིན་པའི་གྲོང་རྡལ་ཆུང་ངུ་དེར་གཞི་ཚུགས་པར་བྱས་ཤིང་། གྲང་ཟུག་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ལ་སླེབས་ནའང་འདྲ་ཡང་ན་རླུང་འཚུབ་དྲག་པོ་གང་རུང་དུས་སུ་ཡིན་རུང་མི་རྣམས་ཀྱིས་ན་གཞོན་བཟའ་ཚོའི་བྲེལ་འཚུབ་ཆེ་བའི་གྲིབ་གཟུགས་རྟག་ཏུ་མཐོང་རྒྱུ་ཡོད། ལོ་མང་རིང་ན་གཞོན་བཟའ་ཚོ་ལྷོད་པོར་སྡོད་མྱོང་མེད་ལ། ཁོང་གཉིས་ཀྱིས་ལས་སླ་པོར་བྱུང་བ་ཞིག་མིན་པའི་ལས་གཉེར་ཚོམས་ཆེན་དེ་རང་ཁྱིམ་ལ་བརྩི་གི་ཡོད།

    འཆི་མེད་རྡོ་རྗེ་བར་ག་ཤང་དུ་སླེབས་མ་ཐག་པའི་སྐབས་སུ། འདི་གར་དངོས་ཟོག་དཀོན་པ་མ་ཟད། ཉིན་མཁོའི་འཐུང་ཆུ་ཡང་གཙང་པོ་ནས་ལེན་དགོས་ཀྱི་ཡོད། སྒུལ་བདེའི་སྦྲེལ་ཚུགས་ལ་གློག་གཏོང་རྒྱུ་ཡང་སྤྱིར་ན་གློག་འདོན་འཕྲུལ་ཆས་ལ་བརྟེན་དགོས་པ་དེ་འཆི་མེད་རྡོ་རྗེར་འཕྲད་པའི་དཀའ་གནད་ཆེ་ཤོས་དེ་ཡིན།

    ཉིན་ལྟར་དགོང་མོ་འཆི་མེད་རྡོ་རྗེ་མལ་ལས་ཐེངས་གཉིས་ལངས་ནས་སྐམ་གློག་བཏང་སྟེ་སྦྲེལ་ཚུགས་རྒྱུན་གཏན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། ད་དུང་དུས་རྒྱུན་འཆི་མེད་རྡོ་རྗེས་སྦག་སྦག་བཞོན་ནས་སྤྱི་ལེ་གཉིས་སར་ཡོད་པའི་གྲམ་ཐང་ནས་ཆུ་ལེན་པར་བསྐྱོད་དེ་འཚོ་བ་དང་གློག་འདོན་འཕྲུལ་ཆས་ལ་མཁོ་བའི་ཆུ་འགན་ལེན་བྱེད་ཀྱི་ཡོད། གལ་སྲིད་འཆི་མེད་རྡོ་རྗེ་ཕྱི་ལ་དོན་དག་སྒྲུབ་པར་བསྐྱོད་ཚེ་སྤེན་པ་སྒྲོལ་མས་ཆུ་ཟོམ་ཁུར་ནས་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། ན་གཞོན་བཟའ་ཚོས་ལོ་མང་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། སྒུལ་བདེའི་སྦྲེལ་ཚུགས་དེར་གློག་ཆད་མྱོང་མེད་པ་དེ“ན་གཞོན་བཟའ་ཚོའི་ལས་གཉེར་ཚོམས་ཆེན”དེའི“མིང་བྱང”ཞིག་ཏུ་གྱུར་ཡོད།

    2018ལོའི་དགུན་དུས་སུ་རི་འདབས་ཡུལ་སྐོར་བ་བརྒྱ་ཕྲག་གི་འཕྲིན་གཏོང་ཤར་གཏོང་ཐུབ་པར་བྱ་ཆེད། འཆི་མེད་རྡོ་རྗེ་རི་སྟེང་དུ་གློག་གཏོང་བར་སྐྱོད་སྐབས་དྲོད་ཚད་ཧེ་བག་ཆེ་བའི་དབང་གིས་གློག་འདོན་འཕྲུལ་ཆས་ཀྱི་སྒུལ་བྱེད་གཤེར་ཁུ་གློ་བུར་དུ་ཤོར་ནས། གཡོལ་ཁོམ་མ་བྱུང་བས་ཁོང་གི་ངོ་གདོང་ལ་རྨ་ཤུལ་རིང་པོ་ཞིག་ལུས།

    སྦྲེལ་ཚུགས་ཀྱི་ལས་གཉེར་བྱེད་པ་ཕུད། ད་དུང་འཆི་མེད་རྡོ་རྗེས་ཡུལ་མི་ཚོར་འབྲོག་ཁུལ་དུ་འཕྲིན་གཏོང་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས་ཀྱི་ཡོད། ཁ་པར་གྱི་རིན་དོད་གཱ་ནི་ཤང་ནང་བྲིན་ཁ་རྒྱུག་ཤོས་ཀྱི“ཐོན་རྫས”ཤིག་ཡིན་པས། ལས་གཉེར་ཚོམས་ཆེན་ཉེ་འཁོར་གྱི་མང་ཚོགས་ཀྱིས་འདི་གར་རིན་དོད་གཱ་ཉོ་བར་ཡོང་གི་ཡོད་མོད། འོན་ཀྱང་ས་ཐག་ཅུང་རིང་བའི་མང་ཚོགས་ཁ་ཤས་ཀྱིས་ཁྱིམ་གྱི་ཉེ་འགྲམ་གྱི་ཚབ་ཚོང་ཁང་ནས་ཉོ་གི་ཡོད།

    འཆི་མེད་རྡོ་རྗེས་གྲོང་ཚོ་ཁག་གི་ཚབ་ཚོང་པའི་རིན་དོད་གཱ་དུས་ཐོག་ཏུ་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་པས། ཡུལ་མི་ཚོས་རྟག་ཏུ་འཆི་མེད་རྡོ་རྗེ་སྦག་སྦག་བཞོན་ནས་གྲོང་ཚོ་ཁག་ཏུ་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་རྒྱུ་ཡོད།

    ལས་གཉེར་ཚོམས་ཆེན་དུ་ལས་ཀ་བྱེད་རིང་། འཆི་མེད་རྡོ་རྗེ་དང་སྤེན་པ་སྒྲོལ་མར་ཕྲུ་གུ་བྱུང་ཡོད། སྤུ་ཧྲེང་རྫོང་ཡན་ལག་ཀུང་སིའི་འགོ་ཁྲིད་ཀྱིས་དེ་དོན་ཤེས་རྗེས། སྤེན་པ་སྒྲོལ་མར་སྔ་ཙམ་ནས་འཁོར་ཞག་བསྡད་དེ་གཟུགས་པོ་ཡག་པོ་གསོ་དགོས་པའི་མངགས་བྱ་ཡང་ཡང་བྱས། འོན་ཀྱང་ཀུང་སིར་ལས་མི་དཀོན་པོ་ཡོད་པ་ཤེས་རྗེས། སྤེན་པ་སྒྲོལ་མས་འགོ་ཁྲིད་དང་སྨན་པའི་ཁ་ཏ་བསླབ་བྱར་མ་བལྟོས་པར་ཕྲུ་གུ་སྐྱེས་རྗེས་ཀྱི་ཉིན་གསུམ་པར་ལས་གནས་སུ་བསྐྱོད། སྤུ་ཧྲེང་རྫོང་ཡན་ལག་ཀུང་སིའི་འགོ་ཁྲིད་ཀྱིས་སྤེན་པ་སྒྲོལ་མའི་པང་ཁའི་ནང་གི་ཕྲུ་གུ་དམར་འབྱར་མཐོང་སྐབས་ཨུ་ཚུགས་ཀྱིས་ཁོ་མོ་ཟླ་གཅིག་ངལ་གསོ་རུ་བཅུག རི་འདབས་ཀྱི་ལས་གཉེར་ཚོམས་ཆེན་ཆུང་ཆུང་འདིའི་ནང་། འཆི་མེད་རྡོ་རྗེ་དང་སྤེན་པ་སྒྲོལ་མའི་བྱ་གཞག་དང་ཁྱིམ་ཚང་གཉེར་སྐྱོང་གི་འགོ་ཚུགས་པས་ལས་གཉེར་ཚོམས་ཆེན་དེ་ཁོ་གཉིས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱི་དཔང་པོ་ཡག་ཤོས་སུ་གྱུར་ཡོད་ལ། སྔ་ས་ནས་ཁོ་གཉིས་ཀྱི་ཁྱིམ་ཚང་ངོ་མར་གྱུར་ཡོད།

    “མི་མང་པོས་ང་ཚོའི་ལས་ཀ་ཧ་ཅང་དཀའ་ལས་ཁག་པོ་རེད་ཅེས་བརྗོད་ཀྱི་འདུག འོན་ཀྱང་ངས་བལྟས་ན་འདི་ནི་ཚང་མར་ཕན་ཐོགས་ཆེན་པོ་ཡོད་པའི་བྱ་བ་ཞིག་རེད། ཚང་མས་ཡུལ་གཞན་གྱི་གཉེན་ཉེ་དང་འབྲེལ་བ་བྱེད་བདེ་པོ་ཡོད་པ་མཐོང་སྐབས། ང་ཚོས་བསྒྲུབས་པ་ཚང་མ་དོན་སྙིང་ཡོད་པ་ཞིག་རེད་སྙམ་གྱི་འདུག”ཅེས་འཆི་མེད་རྡོ་རྗེས་བརྗོད།

    ལོ་མང་རིང་། ན་གཞོན་བཟའ་ཚོའི་གཏམ་རྒྱུད་དེ་སྔ་ས་ནས་མངའ་རིས་ས་ཁུལ་གྱི་ཚང་མར་གླེང་མང་བའི་གཏམ་རྒྱུད་སྙན་མོ་ཞིག་ལ་གྱུར་ཡོད།

    2014ལོར། འཆི་མེད་རྡོ་རྗེ་དང་སྤེན་པ་སྒྲོལ་མ“ཀྲུང་གོའི་དྲ་དོན། མི་སེམས་འགུལ་བའི་2013”ལོ་འཁོར་གྱི་དྲ་རྒྱའི་མི་སེམས་འགུལ་བའི་མི་སྣ་ཆེ་གྲས་བཅུར་བདམས་ཡོད། འཆི་མེད་རྡོ་རྗེར་ཡང་2015ལོའི་ཟླ་9ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ཨུ་ལྷན་གྱིས“གཞུང་ཁོངས་ཁེ་ལས་ཀྱི་ལས་བཀུར་ལས་བཟོ་ཡག་པོའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་། 2018ལོའི་ཟླ་4པར་བོད་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ། 2024ལོར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“བོད་རང་སྐྱོང་ལྗོངས་ཀྱི་སྐབས་དྲུག་པའི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་སྤྲད་ཡོད།

    ད་ཆ“ན་གཞོན་བཟའ་ཚོའི་ལས་གཉེར་ཚོམས་ཆེན”དེ་སྔ་ས་ནས་གངས་རིན་པོ་ཆེའི་འདབས་ཀྱི་ཡུལ་ལྗོངས་མཛེས་ཤོས་སུ་གྱུར་ཡོད། ཕར་འགྲོ་ཚུར་འོང་བྱེད་མཁན་ཚོས་ལས་གཉེར་ཚོམས་ཆེན་དེ་མཐོང་སྐབས། ན་གཞོན་བཟའ་ཚོ་དེ་གར་ཡོད་པ་དང་། བརྡ་རྟགས་དེ་གར་ཡོད་པ། དྲོ་སྐྱིད་དེ་གར་ཡོད་པ་ཤེས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།