མཚོ་སྔོན་ཞིང་ཆེན་གྱིས་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་ཁག་དང་པོ་11བཙུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་3ཚེས་12ཉིན་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་འདོམས་ཅུས་དང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་དུ་2024ལོའི་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ནས་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་ཁག་དང་པོ་11འཛུགས་མཁན་དངུལ་ཁང་འགན་བཅོལ་སྒྲིག་གཞིར་སྒོ་བྱང་སྤྲད་དེ། དངུལ་རྩའི་ཁྱབ་ཁོངས་ཀྱི་འགལ་ཟླ་དང་རྩོད་གཞིའི་ཞུ་གཏུག་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཁྲོམ་ར་ཞི་མཐུན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པ་ནི་དངུལ་རྩའི་ལས་དོན་སྒྲུབ་རིང་མི་དམངས་ལ་ཆེས་ཉེ་བཅར་དང་མི་དམངས་ལ་འབྲེལ་གཏུག་ཆེས་ཟབ་མོ་བྱེད་པའི་ཁྱབ་ཁོངས་ཤིག་ཡིན། དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་བཙུགས་པ་ནི་གཞི་རིམ་གྱི་འདུམ་འགྲིག་སྟོབས་ཤུགས་བསྡུ་སྒྲིལ་དང་། གཞི་རིམ་གྱི་ལས་སྒྲུབ་ཀྱི་རྨང་གཞི་བརྟན་དུ་གཏོང་བ། གཞི་རིམ་གྱི་འདུམ་འགྲིག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ལས་སྟེགས་ཤིག་ཡིན་པས་འགལ་ཟླ་དང་རྩོད་གཞི་སེལ་བའི་མཉམ་ཤུགས་ཤིག་ཆགས་ནས་ས་གནས་མི་དམངས་ཀྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་ཡོང་བར་ཕན་ཡོད་ཀྱི་ཚོད་ལྟ་བྱས་པས་དངུལ་རྩའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་མ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་གིས་དངུལ་རྩའི་སྒྲིག་གཞིའི་ལས་རིགས་རྩ་འཛུགས་ཀྱི་ནུས་པ་བཏོན་ནས་སྲིད་ཁྲིམས་ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་གི་འགན་ནུས་སྣུར་སྲིང་ཐོག་འདུམ་འགྲིག་ལ་བརྟེན་ནས་ངོ་བོའི་རང་བཞིན་གྱི་སྒོ་ནས་དངུལ་རྩའི་འགལ་ཟླ་དང་རྩོད་གཞི་སེལ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ལ། མཚོ་སྔོན་ཁྲིམས་ཁང་གིས་རང་སྟོབས་ཀྱི་སྲིད་ཁྲིམས་ནུས་པ་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་མཚོ་སྔོན་གྱི་དངུལ་རྩའི་རིགས་ཀྱི་རྩོད་གཞི་སེལ་བའི་ལས་དོན་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་སྡེ་ཚན་ཁག་གིས་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་ཟབ་མོ་ཆུད་པར་བྱས་ནས་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། “འཁོར་འབྲེལ་ཡོངས”ཀྱི་མཉམ་འགུལ་མ་ལག་ཅིག་གཏོད་པའི་ཐོག་འགལ་ཟླ་འདུམ་འགྲིག“འཇུག་གཞི་ཆུང་ངུ”ནས་ཏན་ཏིག་བསྒྲུབས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བའི“བྱ་ཐབས་ཆེན་པོ”འདོན་རྒྱུར་དམིགས་ནས་དངུལ་རྩའི་འགལ་ཟླ་དང་རྩོད་གཞི་སྣ་མང་སེལ་བའི་ལས་དོན་མ་ལག་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་བཏང་སྟེ། དངུལ་རྩའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།