བོད་ཀྱི་ཤང་དང་གྲོང་རྡལ་གྱི་ཆེད་བསྐོས་མེ་གསོད་རུ་ཁག་ཐོག་མ་མལ་གྲོ་གུང་དཀར་རྫོང་དུ་བཙུགས་པ།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་དུ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཆེད་བསྐོས་མེ་གསོད་རུ་ཁག་ཐོག་མ་སྟེ། རྒྱ་མ་ཤང་ཆེད་བསྐོས་མེ་གསོད་རུ་ཁག་བཙུགས་ནས་གཏེར་ལས་ཤང་གི་མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་དང་གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་ཆེ་རུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
“འཛུགས་སྐྲུན”ལ་དམིགས་ནས་སྒྲིག་བཀོད་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ཅིང་། ཆེད་བསྐོས་མེ་གསོད་རུ་ཁག་དེ་རིམ་པ་གཉིས་པའི་མེ་གསོད་རུ་ཁག་གི་ཚད་གཞི་ལྟར་བཙུགས་ཁར། རྒྱ་མ་ཤང་གི་ད་ཡོད་སྒྲིག་བཀོད་སྤྱད་དེ་ཉེན་རྟོག་སྣེ་ལེན་ལྟེ་གནས་1དང་། ཡོ་བྱད་མཛོད་ཁང་1 ཆེད་སྤྱོད་རླངས་འཁོར་འཇོག་ཁང་1 ཆེད་སྤྱོད་རླངས་འཁོར་འཇོག་ས་6བཅས་བསྐྲུན་པ་དང་། འཐབ་འཛིང་པན་གྱི་ཉལ་ཁང་2དང་སློབ་ཁང་1ཐག་གཅོད་བྱས་པ། ཆུ་ཏུན་8ཤོང་བའི་མེ་གསོད་རླངས་འཁོར་1སྤྲད་པ། ཆུ་མདའ་དང་། ལྗིད་ཐེག་དབུགས་གདན། ནུས་མང་འགྱོགས་བྱམས་སོགས་མེ་གསོད་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་པ། གྲོང་ཚོ་ཁག་དང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཚང་མར་ཚད་གཞི་ལྟར་མེ་ཟོན་ས་ཚིགས་ཆུང་གྲས་བཙུགས་ཡོད།
“དོ་དམ”ལ་དམིགས་ནས་དཔུང་ཁག་ལ་དམ་འཛིན་བྱས་ཤིང་། རྒྱ་མ་ཤང་ཆེད་བསྐོས་མེ་གསོད་རུ་ཁག་ལ་རུ་དཔོན་དང་རུ་དཔོན་གཞོན་པ་རེ་རེ་དང་ཆེད་ལས་མེ་གསོད་རུ་མི་གཅིག་ལྕོགས་བརྒྱད་བཀོད་སྒྲིག་བྱས་ཏེ། ཉིན་མཚན་མེད་པར་ABལས་གནས་ཀྱི་ལས་རེས་ལམ་ལུགས་ལག་ལེན་བསྟར་བ་རེད། རྒྱ་མ་ཤང་གིས་ཤང་མེ་ཟོན་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཤང་ཀྲང་གིས་ཀྲུའུ་རེན་གྱི་འགན་འཁུར་ནས་ཤང་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁར་ཞིབ་དཔྱད་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག དེ་བཞིན་ཆེད་བསྐོས་མེ་གསོད་རུ་ཁག་དང་མེ་ཟོན་ས་ཚིགས་ཆུང་གྲས་ཁག་གི་གསོ་སྦྱོང་ནང་སྦྱོང་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་རྒྱུ་གཏན་འཁེལ་ཁ་གསལ་བྱས་པ་དང་འབྲེལ། ཆེད་བསྐོས་མེ་གསོད་རུ་ཁག་གི་འགན་འཁྲི་གཏན་འཁེལ་བྱས་ནས་ཆེད་བསྐོས་མེ་གསོད་རུ་ཁག་གི་འཁོར་སྐྱོད་ལམ་སྲོལ་དང་རྒྱུན་གཏན་གྱི་དོ་དམ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་དུ་བཏང་ཡོད།
“སྦྱོང་བརྡར”ལ་དམིགས་ནས་འཇོན་ཐང་ཆེ་རུ་བཏང་ཞིང་། རྒྱ་མ་ཤང་ཆེད་བསྐོས་མེ་གསོད་རུ་ཁག་གིས་འཐབ་འཛིང་ནུས་པའི་ཚད་གཞི་བརྟན་པོ་བཟོས་ཏེ། ཉིན་ལྟར་ཆེད་ལས་ཤེས་བྱར་སློབ་སྦྱོང་དང་དངོས་སྦྱོང་སྦྱོང་བརྡར་བྱེད་པ་དང་། ཟླ་བ་མི་རེ་ངོ་རེར་མེ་ཟོན་ས་ཚིགས་ཆུང་གྲས་ཁག་དང་མཉམ་འབྲེལ་གྱིས་འཕྲལ་སྡོམ་ནང་སྦྱོང་བྱེད་པ། མེ་ཟོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་ཀྱི་ལས་དོན་རྒྱུན་རྣམ་ཅན་བཞིན་སྤེལ་བ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འགག་རྩའི་དུས་སུ་དཔུང་ཁག“ཕྱིར་ཁྲིད་ཐུབ་པ་དང་། མདུན་དུ་ཤོར་ཕོད་པ། རྒྱལ་ཁ་ལེན་ཕོད་པ”ཡོང་བའི་འགན་ལེན་བཅས་བྱས་ནས། མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད།