དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སའི་ལྕགས་དང་ངར་ལྕགས་ཀུང་སི་རྙིང་པ་དང་གསར་པས་གསར་གཏོད་ལམ་བུར་མཉམ་དུ་མདུན་སྐྱོད་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ​དབྱིན་ཞིན་ཡུས།   |     སྤེལ་དུས།  2024-07-18

    པེ་ཅིང་ཧྲི་ཅིང་ཧྲན་དུ་རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་ཁུལ་ཞིག་ཡོད་པ་དེ་གནམ་བདེ་སྒོ་མོའི་ཐང་ཆེན་དང་བར་ཐག་སྤྱི་ལེ་18ཙམ་ཡོད་ཅིང་། དེར་མི་རྣམས་ཀྱིས“རྒྱལ་སའི་ལྕགས་དང་ངར་ལྕགས་ཀུང་སི་རྙིང་པ”ཞེས་འབོད་པ་དང་། ད་ཆ་རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་ཁུལ་གྱིས་ངར་ལྕགས་ཐོན་སྐྱེད་མི་བྱེད་པར་པེ་ཅིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་ཞིག་ཏུ་གྱུར་ཡོད།

    ཧོ་པེ་ཚའོ་ཧྥེ་ཏན་དུའང་རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་ཁུལ་ཞིག་ཡོད་པ་དེ་པོ་ཧའེ་རྒྱ་མཚོའི་ངོགས་སུ་གནས་ཤིང་། པེ་ཅིང་དང་བར་ཐག་སྤྱི་ལེ་220ཙམ་ཡོད། དེའི་མིང་ངོ་མར་རྒྱལ་སའི་ལྕགས་དང་ངར་ལྕགས་ཅིང་ཐང་ཟེར་བ་དང་མི་རྣམས་ཀྱིས་དེར་རྒྱལ་སའི་ལྕགས་དང་ངར་ལྕགས་ཀུང་སི་གསར་པ་ཞེས་འབོད་ཀྱི་ཡོད།

    རྒྱལ་སའི་ལྕགས་དང་ངར་ལྕགས་ཅིང་ཐང་གི་གཙོ་གནད་ཚོད་འཛིན་ཁང་གི་ལྕགས་བཞུའི་ལས་སྒྲུབ་ཁུལ་དང་པོའི་དབུ་བཞུགས་ལས་སྒྲུབ་དཔོན་ཧྥན་ཞའོ་པིན་གྱིས་བརྙན་ཤེལ་ཐོག་གི་དྲོད་ཚད་དང་གནོན་ཤུགས་སོགས་ཀྱི་གྲངས་གཞིར་དོ་ཁུར་བྱེད་ཅིང་། ཁོང་གིས་ངག་དལ་པོས“མཐོ་ཐབ་དང་པོར་གཅིག་ལྟ་བར་འགྲོ”ཞེས་རྟབ་རྟབ་པོར་དེ་གར་བསྐྱོད། ཚད་མཐོའི་རང་འགུལ་ཅན་གྱི་གཙང་སྦྲའི་འཁོར་ཁང་དུ་རྡུལ་འཕྱུར་ཞིང་ཁྲོ་ཆུ་རྒྱུག་པ་མཐོང་རྒྱུ་མེད་ཀྱང་གྲངས་གཞི་ལས་མངོན་པ་ལྟར་ན། མཐོ་ཐབ་ཀྱིས་བརྟན་པོ་དང་ནུས་ཆེའི་ངང་ཁྲོ་ཆུ་ཐོན་སྐྱེད་བྱེད་བཞིན་ཡོད།

    རྒྱལ་སའི་ལྕགས་དང་ངར་ལྕགས་ཀུང་སི་རི་འགྲམ་ནས་མཚོ་འགྲམ་དུ་སྤོས་པ་ནི་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ཞིག་རེད། ཧྥན་ཞའོ་པིན་དང་ལས་རོགས་5000མཉམ་དུ་བཟོ་གྲྭ་གསར་པར་སླེབས་སྐབས་བཟོ་གྲྭའི་ཕྱི་ནང་ཚང་མ་གསར་པ་གསར་རྐྱང་ཡིན་པ་རེད།

    ཇུས་འགོད་འདུ་ཤེས་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་ཡིན་པ་དང་། ཐོན་སྐྱེད་ཁྲོད་ཐོན་པའི་ཚ་ནུས་ལྷག་མ་དང་། རླངས་གཟུགས་ལྷག་མ། ཆུ་སྙིགས། སྙིགས་རོ་བཅས་འཁོར་སྐྱོད་བེད་སྤྱོད་གང་ལེགས་བྱེད་པ། བཅུ་ཆ་དགུ་ཡན་གྱི་ཐོན་སྐྱེད་སྤྱོད་ཆུ་ནི་མཚོ་ཆུ་ཚྭ་མེད་དུ་སྒྱུར་བ་ལས་བྱུང་ཡོད།

    ངར་ལྕགས་ཐོན་རྫས་སྤྱོད་རྒྱ་ཆེ་ཞིང་། འཐུང་བྱའི་ལྕགས་ཀྲིན་ནས་ནུབ་རླངས་ཤར་འདྲེན་མདོང་ལམ་བར་དང་། “ཁྲན་དབྱི་ཀང”འབྲུག་ལོའི་སྦྲག་འཛིན་ནས་རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་དུ་འགྱིང་ངེར་གནས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་མཆོང་སྟེགས་ཆེན་པོ་སོགས་གང་སར་སྤྱད་ཡོད།

    ཚའོ་ཧྥེ་ཏན་དུ་བཅའ་སྡོད་བྱས་པའི་སྣེ་འདྲེན་ཁེ་ལས་དང་པོ་ཡིན་པའི་ངོས་ནས་རྒྱལ་སའི་ལྕགས་དང་ངར་ལྕགས་ཀུང་སི་གསར་པས་ཁེ་ལས་མང་པོ་ཞིག་གནས་དེར་བཅའ་སྡོད་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད་ལ། མཚོ་ངོགས་སུ་གནས་པའི་ཚའོ་ཧྥེ་ཏན་ཞེས་པའི་གྲོང་གསར་འདི་ཡང་ཉིན་རེ་བཞིན་དར་རྒྱས་གོང་འཕེལ་འགྲོ་བཞིན་མཆིས།

    དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་དང་བསྟུན་ནས་རྒྱལ་སའི་ལྕགས་དང་ངར་ལྕགས་ཀུང་སི་རྙིང་པ་ཡང་རྣམ་པ་གསར་རྐྱང་དུ་འགྱུར་ཞིང་། དབྱར་དུས་གླིང་ཁུལ་དུ་མཚེའུ་དྭངས་ཤིང་རི་བོ་སྔོ་མདངས་རྒྱས་ནས་ཕན་ཚུན་གཅིག་ལ་གཅིག་བརྒྱན་དུ་གནས་ལ། བཟོ་ལས་ཀྱི་རྗེས་ཤུལ་དང་དར་སྲོལ་འཛུགས་སྐྲུན་ཡང་ཞི་མཐུན་གཅིག་གྱུར་དུ་གནས་ཡོད། གངས་ཤུད་སྟེགས་བུ་ཆེན་པོ་སོགས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་བཀོད་སྤྱད་དེ་གངས་ཤུད་འཛམ་གླིང་བུམ་པའི་འགྲན་བསྡུར་དང་མང་ཚོགས་ཀྱི་གངས་འཁྱགས་དུས་ཚིགས་སོགས་ཀྱི་བྱེད་སྒོ་སྤེལ་ནས། བཟའ་བཏུང་དང་། སིལ་ཚོང་། འགྲེམས་ཚོགས་བཅས་ཀྱི་ཁེ་ལས་མང་པོ་གཅིག་སྡུད་བྱས་ཡོད། 2023ལོར་པེ་ཅིང་གྲོང་ཁྱེར་གྱི་ཆེད་ལས་འགྲེམས་ཚོགས་ཀྱི་བྱེད་སྒོ་གསུམ་ཆ་གཅིག་ཙམ་དེ་གར་གཉེར་བ་རེད།

    རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་གི་མཐོ་ཐབ་དང་པོའི་ཚན་འཕྲུལ་དགའ་ཚལ་དུ་སྐྱོད་སྐབས། རྟོག་བཟོའི་དོན་དངོས་མིག་ཤེལ་བཏགས་པའི་ཡུལ་སྐོར་བས“སྐར་མཚམས་བརྒལ་བའི་ཡུལ་སྐོར”ཞིག་མྱོང་རོལ་བྱེད་བཞིན་ཡོད་ཅིང་། མིག་སྔར་གླིང་ཁུལ་དུ་ཁེ་ལས་823ཞུགས་པའི་ནང་ཚན་རྩལ་གསར་གཏོད་ཁེ་ལས་409ཡོད་པ་དེ་དག་གིས“ཚན་འཕྲུལ+”ཀྱི་ཐོན་ལས་གཙོ་ཁྲིད་དུ་བྱས་ནས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་དང་། མིས་ཐབས་རིག་ནུས། དྲ་སྦྲེལ་རབས་གསར་པ་སོགས་ཐོན་ལས་དང་མཐུན་སྦྱོར་བྱས་ཡོད་པས། རྒྱལ་སའི་ལྕགས་དང་ངར་ལྕགས་ཀུང་སི་རྙིང་པའི་གསར་གཏོད་ཀྱི་ཉམས་སྣང་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    “ངར་ལྕགས་བཟོ་གྲྭ་གནས་སྤོ་བྱས་པ་དེས་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་སེལ་ཆེད་ལེགས་སྐྱེས་ཕུལ་ཞིང་། རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་གིས་གྲོང་ཁྱེར་གསར་བརྗེས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། རྒྱལ་སའི་ལྕགས་དང་ངར་ལྕགས་ཅིང་ཐང་གིས་ལྗང་མདོག་གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཅིང་ཅིན་ཅི་གསུམ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་སུ་ཕུལ་ཡོད”ཅེས་རྒྱལ་སའི་ལྕགས་དང་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀྲའོ་མིང་ཀེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།