དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “སྒྱུར་བཅོས་ལས་མི་དམངས་མང་ཚོགས་ལ་ཐོབ་སྣང་དེ་བས་མང་བ་བྱུང་ཡོད”

    —— དུས་རབས་གསར་པའི་དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏམ་རྒྱུད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-18

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད།

    ཆ་ཤས་འཚོལ་ཞིབ་དང་འབྲེལ་ལམ་བཤངས་ཐབས་བྱེད་པ་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བར་དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཚང་མའི་ཐོག་ནས་མི་དམངས་ལྟེ་བར་བཟུང་སྟེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་། ཤུགས་ཚད། ཕན་འབྲས་བཅས་མངོན་པས་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་བྱུང་ཡོད།

    ན་དུས་སྨན་བཅོས་ཐུབ་པ་ནས་སྦྱོང་དུས་སློབ་མཁན་ཡོད་པའི་བར།

    མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་གནད་ལ་འཁེལ་པོས་འཚོལ་བ།

    ལོ་མང་རིང་། གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་ཧྥུའུ་ཅན་སན་མིང་གི་གྲོང་མི་སྐུ་ཞབས་ཀྲུའུ་ལགས་ཁྲག་མངར་ཅུང་མཐོ་བ་མ་ཟད། མིག་ཅུང་རབ་རིབ་ཀྱི་ཚོར་སྣང་ཡོད་སྟབས་སན་མིང་གྲོང་ཁྱེར་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང་གི་གསང་རྒྱུད་ཟགས་ཐོན་ཚན་ཁག་ཏུ་བསྡད་ནས་སྨན་བཅོས་བྱས་པ་རེད།

    དེ་སྔ་དང་མི་འདྲ་བར་ད་ཐེངས་སྨན་པ་དཀའ་བཅུ་པས་སྨན་རྫས་ཀྱི་སྨན་ཐོ་བཀོད་པ་ཕུད། གསང་རྒྱུད་ཟགས་ཐོན་ཚན་ཁག་གི་ནད་ཡམས་དོ་དམ་པས་ད་དུང“བདེ་ཐང་སྙན་ཞུ”ཞིག་བཏོན་ནས་ཁོང་གི་གཟུགས་པོའི་གནས་ཚུལ་དང་འཚོ་བ་སྐྱེལ་སྟངས་ལ་དཔྱད་དཔོག་ཞིབ་ཕྲ་བྱས་པ་དེའི་ནང་རྒྱུན་གཏན་གྱི་བཟའ་བཏུང་དང་། སྒུལ་སྐྱོད། སེམས་ཁམས། གཉིད་སོགས་འཚོ་བ་སྐྱེལ་སྟངས་སྙོམས་སྒྲིག་བྱེད་པའི་རང་གཤིས་ཅན་གྱི་སྨན་ཐོ་ཚུད་ཡོད་པ་རེད།

    སྐུ་ཞབས་ཀྲུའུ་ལགས་ཀྱིས“ལོ་ཤས་རིང་མང་ཚོགས་ཀྱི་མྱོང་ཚོར་ཆེ་ཤོས་ནི་སྨན་གྱི་རིན་གོང་ཆག་པ་དང་། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་མང་དུ་ཕྱིན་པ། སྨན་པ་བསྟེན་བདེ་རུ་ཕྱིན་པ། བདེ་ཐང་དེ་བས་འགན་ལེན་ཐུབ་པ་བཅས་རེད”ཅེས་བཤད།

    སན་མིང་ནི་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དབང་གིས་རྒྱལ་ཡོངས་སུ་སྐད་གྲགས་ཆོད།

    སྨན་རིན་མཐོ་དྲགས་པ་དང་ལྷག་པར་དུ་དེའི་རྒྱབ་ཀྱི་ཁེ་ཕན་གྱི་འགྲན་རྩོད་ནི་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དཀའ་གནད་དང་པོ་དེ་རེད། 2012ལོར་སན་མིང་གིས་སྨན་རིན་མཐོ་བར་དམིགས་ཏེ་སྨན་བཅོས་སྒྱུར་བཅོས་ཀྱི་ལས་དོན་དང་པོ་དེ་སྤེལ་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སན་མིང་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས”ལ་དོ་ཁུར་ཆེན་པོ་གནང་ཡོད།

    2016ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་གཅིག་པར་སན་མིང་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཉམས་མྱོང་ཆེད་མངགས་གསན་པ་དང་འབྲེལ་ཁས་ལེན་ཡང་གནང་བ་དང་། 2017ལོའི་ཟླ་3པར་ཀྲུང་དབྱང་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གསུམ་པར“སན་མིང་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཁ་ཕྱོགས་ནི་ཡང་དག་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པས་ཁྱབ་གདལ་གཏོང་དགོས”ཞེས་བསྟན་ཡོད། 2019ལོའི་ཟླ་7པར་ཀྲུང་དབྱང་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པར་སན་མིང་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས་པའི་ནན་བཤད་གནང་བ་བཅས་རེད།

    2021ལོ་ནས་2024ལོའི་བར། ལོ་རིམ་བྱུང་གི“གསོ་རིག་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་ལས་ཀའི་ལས་འགན”ཁྲོད་ཡུལ་བབ་དང་བསྟུན་ནས་སན་མིང་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་གཏོང་རྒྱུ་གཙོ་གནད་དུ་བཞག་ཡོད།

    ད་ཆ་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ལས་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་ལ་དངོས་དངོས་རྗེན་རྗེན་གྱི་བདེ་ཐང་གི་ཚོར་སྣང་སྦྱིན་ཡོད། འདི་ལོའི་ཟླ་5པའི་བར་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ནས་སྨན་རྫས་མང་པོ་གཅིག་སྡུད་ཉོ་སྒྲུབ་ཁག་9བྱས་པ་དང་སྨན་རྫས་རིགས་374དེའི་ནང་བཅུག་པ་ལས་མང་ཆེ་བ་རྒྱུན་མཐོང་ནད་དང་གཅོང་ནད་ཀྱི་སྨན་རྫས་ཡིན་པ་རེད།

    སློབ་གསོ་དྲང་སྙོམས་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་དྲང་སྙོམས་ཡོང་བའི་རྨང་གཞི་གལ་ཆེན་ཞིག་རེད། སྤུས་ལེགས་ཀྱི་སློབ་གསོ་མྱོང་བ་དང་ཤེས་ལྡན་པར་འགྱུར་བའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་ཐག་རིང་ལུང་ཁུག་དང་རྗེས་ལུས་ས་ཁུལ་གྱི་ཕྲུ་གུ་མང་པོའི་སྐོམ་པ་ཆུ་འདོད་ཀྱི་རེ་བར་གྱུར་ཡོད།

    མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ནི་མཚོ་བོད་ས་མཐོའི་དབུས་ཁུལ་དུ་གནས་པ་དང་ས་རྒྱ་ཆེ་ཞིང་མི་ཚོགས་ཉུང་ལ་འགྲིམ་འགྲུལ་ཡང་སྟབས་བདེ་མེད། 2019ལོར་ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་འོག་ཞིང་འབྲོག་ཁུལ་གྱི་ཕྲུ་གུ“སློབ་གྲྭར་ཡག་པོ་འགྲོ་ཐུབ་པའི”གནད་དོན་ཆེད་མངགས་ཐག་གཅོད་བྱ་ཆེད་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དངོས་སུ་སློབ་འགོ་ཚུགས་པ་རེད།

    སློབ་མ་བསྡུས་ཚུན་ཐེམ་ཁོངས་མགོ་ལོག་ནས་ཡིན་པའི་སློབ་མ་1400ལྷག་ཙམ་གྱིས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་ས་མཐོའི་འབྲོག་ཁུལ་ནས་ཟི་ལིང་དུ་སློབ་གྲྭ་འགྲིམ་པར་ཡོང་ནས་མི་ཚེའི་དུས་མཚམས་གསར་པ་ཞིག་སྐྱེལ་འགོ་ཚུགས་ཡོད།

    ལོ་15ལ་སླེབས་པའི་ཉི་དོན་ལྷ་མོས་2023ལོའི་ཟླ་9པར་རྫོང་གྲོང་ནས་ཐེངས་དང་པོ་ཐོན་ཏེ་སློབ་འབྲིང་དུ་སློབ་སྦྱོང་བྱེད་པར་ཡོང་བ་རེད། ཟླ་བ་ཁ་ཤས་སོང་རྗེས་སྤྱོད་ཡོན་གཉིས་ལྡན་གྱི་ཉི་དོན་ལྷ་མོ་གནམ་གྲུར་བསྡད་ནས་ཧྲང་ཧའེ་ལ་ཞིབ་འཇུག་སློབ་སྦྱོང་བྱེད་པར་ཐེངས་དང་པོར་བསྐྱོད། ཧོང་ཕུའུ་གཙང་འགྲམ་གྱི་ཐོག་བརྩེགས་ཁང་ཆེན་དང་འོད་ཆེམ་ཆེམ་དུ་འཕྲོ་བའི་གློག་སྒྲོན་ལ་ལྟ་བཞིན་དུ་ཁོང་གིས་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་སྐད་ཡིག་དགེ་རྒན་ཞིག་བྱས་ཏེ་ངོ་མཚར་ཆེ་བའི་འཇིག་རྟེན་དེ་མི་དེ་བས་མང་བར་ཤེས་སུ་འཇུག་རྒྱུའི་འདུན་པ་བཅངས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་དམངས་ལ་དེ་བས་ལེགས་པ་དང་དེ་བས་དྲང་སྙོམས་ཀྱི་སློབ་གསོ་ཐོབ་པ་བྱ་ཆེད་སློབ་གསོ་སྒྱུར་བཅོས་ཐད་ས་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་བཏང་སྟེ་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་འཕེལ་རྒྱས་ཡོང་བར་ཁྱོན་ཡོངས་ནས་འགན་སྲུང་བྱས་པ་རེད།

    《སྤུས་ལེགས་དོ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》ནས《དུས་རབས་གསར་པའི་རྨང་གཞིའི་སློབ་གསོ་རྒྱ་སྐྱེད་དང་། སྤུས་ལེགས། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》བར་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ཡོང་བའི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

    ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བའི་རྨང་གཞིའི་ཐོག་རང་རྒྱལ་གྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད95.7%ཟིན་པ་དང་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་སྡེ་ཚན་2895ཚང་མར་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་དང་གཞི་གཅིག་ཅན་དུ་འཕེལ་རྒྱས་འགྲོ་བའི་བཀོད་པ་གསར་པ་ཆགས་ཡོད།

    ཐེམ་ཁོངས་སྒྱུར་བཅོས་ནས་གཞི་རིམ་བཅོས་སྐྱོང་བར།

    མི་སེར་གྱིས་ཅི་ཞིག་ལ་སེམས་ཁུར་དང་རེ་སྒུག་བྱེད་པ་དེ་བཞིན་སྒྱུར་བཅོས་ལ་དམ་འཛིན་དང་སྐུལ་འདེད་གཏོང་དགོས།

    2023ལོའི་ཟླ་5ཚེས་30ཉིན། ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་ཧྲང་ཡུས་ཆུས་དམངས་ཕན་ཞབས་ཞུ་ལྟེ་གནས་སུང་ཞ་ཡན་ལག་ལྟེ་གནས་ཀྱི་སྤྱི་བདེ་སྐར་ཁུང་དུ་རྒྱལ་ཡོངས་ཀྱི“ཞིང་ཆེན་སྒྲོལ་བའི་ཕན་ཚུན་ཁས་ལེན”གནས་སྡོད་ལག་ཁྱེར་དང་པོ་རེ་ཞུ་བྱེད་མཁན་ཨན་ཧུའེ་བ་ཕེང་ཧྭ་ཧྥེ་ཡིས“གནས་སྡོད་ལག་ཁྱེར་ཡོད་པས་ཕྲུ་གུ་ཧྲང་ཡུས་སུ་སློབ་གྲྭར་སྐྱོད་པར་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་དགའ་སྤྲོའི་ངང་བཤད།

    གནས་སྡོད་ལག་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་མི་འདྲ་བ་གཉིས་མེད་པར་བཟོས་ནས་གྲོང་མི་གསར་པ་དང་ལེན་བྱེད་པ་མཚོན་གྱི་ཡོད། ཧྲང་ཡུས་ཆུས་ཀྱིས་གྲོང་མི་གསར་པར་གོང་བཅད་འགན་ལེན་ཁང་པ་མཁོ་འདོན་བྱས་པ་དང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ཞིང་ཆེན་སྒྲོལ་བའི་སྨན་བཅོས་མཇུག་རྩིས་ཁྱོན་ཡོངས་ལ་ཁྱབ་པ། ཆུས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་65ཚང་མར་སློབ་ཞུགས་བྱེད་ཆོག་གི་ཡོད་པ་བཅས་རེད།

    གྲོང་ཁྱེར་དང་གྲོང་གསེབ་རྒྱུ་གཉིས་ཀྱི་ཐེམ་ཁོངས་ལམ་ལུགས་ནི་ལོ་མང་རིང་གི་སྒྱུར་བཅོས་ཀྱི་དཀའ་གནད་ཅིག་རེད། ཕན་བདེའི་ཐོབ་ཐང་མང་པོ་ཞིག་ཐེམ་ཁོངས་ལམ་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་དབྱེ་བ་འབྱེད་དཀའ་བར་བརྟེན་མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད།

    མི་སེར་གྱིས་རེ་འབོད་ལ་སྒྱུར་བཅོས་ཀྱིས་བརྡ་ལན་སྤྲོད་པ་དང་རེས་སྐོར་གསར་པའི་ཐེམ་ཁོངས་ལམ་ལུགས་སྒྱུར་བཅོས་འགོ་ཚུགས་པ།

    2014ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས། མིའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་ལྷུ་ཚིགས་གལ་ཆེན་དེ་ཐེམ་ཁོངས་ལམ་ལུགས་ཡིན་པ་དང་ཐེམ་ཁོངས་ལམ་ལུགས་མགྱོགས་མྱུར་སྒྱུར་བཅོས་གཏོང་བ་ནི་ཞིང་ལས་གཞན་སྒྱུར་མི་འབོར་དུང་ཕྱུར་མང་པོ་དང་འབྲེལ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་ནན་བཤད་གནང་བ་རེད།

    2014ལོའི་ཟླ་7པར《ཐེམ་ཁོངས་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་། 2016ལོའི་ཟླ་དང་པོར《གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》ལག་བསྟར་བྱས་པ། 2016ལོའི་ཟླ་9པར《ཐེམ་ཁོངས་མིན་པའི་མི་འབོར་དུང་ཕྱུར་1གྲོང་ཁྱེར་དུ་གཞིས་ཆགས་པར་སྐུལ་འདེད་གཏོང་བའི་ཇུས་གཞི》ལ་སོགས་པར་འགྲེམས་བྱས་པ་རེད།

    གྲོང་ཁྱེར་དང་གྲོང་རྡལ་འབྲིང་ཆུང་ནས་འགོ་བཙུགས་ཏེ་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཁྱབ་གདལ་བཏང་ནས་མཐར་ལྟེ་བའི་གྲོང་ཁྱེར་ཆེ་གྲས་ལ“འགག་སྒྲོལ”བྱས་པ་དང་། གནས་སྡོད་ལག་ཁྱེར་ལ་བརྟེན་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་བ་དང་སྐར་གསོག་གཞིས་ཆགས་བརྒྱུད་དེ་བས་དྲང་གཞག་གི་བགྲོད་ལམ་ཤར་གཏོང་བྱས་པ་ལ་སོགས་ཐེམ་ཁོངས་ལམ་ལུགས་སྒྱུར་བཅོས་ཀྱི་ཐབས་ལམ་ཁ་གསལ་བཟོས་པ་དང་གོམ་སྟབས་བརྟན་པོ་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་ཐེམ་ཐོ་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་དང་དུས་རབས་ཕྱེད་ཀ་ལྷག་ཙམ་རྒྱུན་མཐུད་པའི“ཞིང་དུད་ནས་ཞིང་དུད་མིན་པར་སྒྱུར་བ”རྦད་དེ་མེད་པར་གྱུར་བ། 2014ལོ་ཚུན་ཞིང་ལས་གཞན་སྒྱུར་མི་འབོར་བསྡོམས་དུང་ཕྱུར་1.5གྲོང་ཁྱེར་དུ་གཞིས་ཆགས་པ་དང་རྒྱལ་ཡོངས་ཀྱི་ཐེམ་ཁོངས་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་2014ལོའི་35.93%ནས་2023ལོའི་48.3%བར་མཐོ་རུ་ཕྱིན་པ། ཤར་རྒྱུད་ས་ཁུལ་དུ་གྲོང་ཁྱེར་ཧ་ཅང་ཆེན་པོ་ཉུང་ཤས་དང་དབུས་ནུབ་ས་ཁུལ་དུ་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་རེ་ཟུང་ཕུད། ཕྱོགས་ཡོངས་ནས་གཞིས་ཆགས་ཀྱི་ཚད་བཀག་ལྷུག་ཏུ་བཏང་བ་རེད།

    ལོ་ངོ་60ལྷག་ཙམ་གོང་། ཀྲེ་ཅང་ཧྥེང་ཆའོ་ཡི་ལས་བྱེད་པ་དང་མང་ཚོགས་ཚོས“མང་ཚོགས་ལ་བརྟེན་ནས་ས་གནས་དེ་གར་འགལ་ཟླ་སེལ་བའི”“ཧྥེང་ཆའོ་ཡི་ཉམས་མྱོང”གསར་གཏོད་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས“ཧྥེང་ཆའོ་ཡི་ཉམས་མྱོང”དུས་རབས་གསར་པར་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་གི་སྟོན་གྲངས་ལོ་རེ་བཞིན་འཕར་ནས་2021ལོར་98.62%ཟིན་པ་དང་། རྒྱལ་ཡོངས་སུ་རིམ་པ་ཁག་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁྲི་58.3ལྷག་ཙམ་བསྐྲུན་ནས་དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་གཞི་རྩའི་ཆར་ཁྱབ་པ། རྒྱལ་ཡོངས་ཀྱི་ཡིག་སྐུར་ངོ་བཅར་བྱེད་ཚད་མངོན་གསལ་དོད་པོས་ཆག་པ་དང་མཉམ་སྡེབ་ངོ་བཅར་བྱེད་ཚད་ལོ་11བསྟུད་མར་ཆག་པ་རེད།

    སྐྱེ་ཁམས་སྲུང་སྐྱོང་ནས་བུ་བཙའི་རྒྱབ་སྐྱོར་བར།

    མི་དམངས་མང་ཚོགས་ལ་དེ་བས་ལེགས་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བར་བྱེད་པ།

    རི་སྔོན་ཆུ་དྭངས་ནི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་འབྲེལ་བ་ཡོད་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་མང་ཚོགས་ཀྱི་རེ་འདོད་མཚོན་ཡོད།

    ཆུ་དཔོན་ལམ་ལུགས་ནས་སྐྱེ་ཁམས་ཁ་གསབ་ལམ་ལུགས་བར་ཆུ་བོ་རེ་རེའི་འཕོ་འགྱུར་ཁྲོད་ནས་སྒྱུར་བཅོས་ཀྱི་སྟོབས་ཤུགས་རེ་རེ་མངོན་ཞིང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

    ད་ཆ་གནམ་དེ་བས་སྔོ་ཞིང་། རང་རྒྱལ་གྱི་སྦགས་བཙོག་ཚབས་ཆེན་གྱི་ཉིན་གྲངས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས་2023ལོར་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་PM2.5ཆ་སྙོམས་འདུས་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་30ཡིན་པ་དང་། ཆུ་དེ་བས་དྭངས་ཤིང་། ཆུ་དཔོན་དང་མཚོ་དཔོན་ཁྲི་བརྒྱ་ལྷག་ཙམ་ལས་ཐོག་ལས་སྒྲུབ་བྱེད་པ་དང་ཆབས་ཅིག་ཆུ་བོ་དང་མཚོའི་རྣམ་པ་རྩ་བའི་ཆ་ནས་ལེགས་སུ་ཕྱིན་པ་དང་ས་ངོས་ཀྱི་ཆུའི་སྤུས་ལེགས་ཆད་ངོས་ཀྱི་བསྡུར་ཚད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དང་འདྲ་མཚུངས་ཡིན་པ། ས་རྒྱུ་དེ་བས་གཙང་ཞིང་། ས་རྒྱུའི་ཁོར་ཡུག་གི་ཉེན་ཁ་ལྟ་འདོམས་ནུས་ལྡན་ཐུབ་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོ་ལྗང་མདོག་གིས་བཀླུབས་ཡོད།

    2021ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གཙོ་སྐྱོང་གནང་ནས《སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་འཆམ་གནང་བ་རེད། ལོ་དེའི་ཟླ་9པར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད། འདི་ལོའི་ཟླ་6ཚེས་1ཉིན《སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་སྲོལ་ཡིག》ལག་བསྟར་བྱེད་འགོ་ཚུགས་ནས་སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དུས་མཚམས་གསར་པར་སླེབས་པ་རེད།

    མི་འབོར་གྱི་གནད་དོན་ནི་སྔ་ཕྱི་བར་གསུམ་དུ་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་འབོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་བའི་རང་བཞིན་ལ་དམིགས་ནས། བུ་བཙའི་སྲིད་ཇུས་རིམ་བཞིན་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་བྱས་ཡོད། 2013ལོ་དང་2015ལོར་ཁེར་སྐྱེས་ཕྲུག་གཉིས་དང་ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་ཀྱི་སྲིད་ཇུས་སྔ་རྗེས་སུ་ལག་བསྟར་བྱས་པ་རེད།

    2021ལོའི་ཟླ་5པར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བུ་བཙའི་སྲིད་ཇུས་སྔར་བས་ལེགས་སུ་གཏོང་བ་དང་། ཁྱོ་ཤུག་གཉིས་ཀྱིས་ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་དང་དེ་བཞིན་ལེ་ལག་ཚང་བའི་རྒྱབ་སྐྱོར་བྱ་ཐབས་ལག་བསྟར་བྱེད་དགོས་པ་བཏོན་པ་རེད། ལོ་དེའི་ཟླ་7པར《བུ་བཙའི་སྲིད་ཇུས་ལེགས་སུ་བཏང་ནས་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། ཟླ་8པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    ལོ་3མན་གྱི་དམར་འབྱར་དང་བྱིས་པར་ལྟ་སྐྱོང་གི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་སྲིད་ཇུས་བཏོན་པ་དང་འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་དམིགས་བསལ་རོགས་སྐྱོར་གྱི་ཚད་གཞི་མཐོ་རུ་བཏང་ནས། ས་ཆ་མང་པོར་ཕྲུ་གུ་གསོ་བའི་གུང་གསེང་དང་ཕྲུ་གུ་བཙའ་བའི་གུང་གསེང་རིང་དུ་གཏོང་བ་ལ་སོགས་ཀྲུང་དབྱང་ནས་ས་གནས་བར་དེ་བས་འཐུས་སྒོ་ཚང་བའི་བུ་བཙའི་རྒྱབ་སྐྱོར་ལམ་ལུགས་མ་ལག་རིམ་པས་འཛུགས་བཞིན་ཡོད།

    རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་པར། ལོ་0ནས་14བར་གྱི་ལོ་ཆུང་བྱིས་པའི་མི་འབོར་གྱིས་སྤྱིའི་མི་འབོར་གྱི་བཟུང་ཚད་དེ་2010ལོའི་16.60%ནས་2020ལོའི་17.95%བར་མཐོ་རུ་ཕྱིན་པ་དང་། སྐྱེས་པའི་མི་འབོར་ཁྲོད་ཕྲུ་གུ་གཉིས་དང་དེ་ཡན་གྱིས་བཟུང་བའི་བསྡུར་ཚད་དེ་སྲིད་ཇུས་ལེགས་སྒྲིག་མ་བྱས་གོང་གི་35%ལྷག་ཙམ་ནས་ཉེ་བའི་ལོ་ཤས་རིང་གི་55%ཡན་བར་མཐོ་རུ་ཕྱིན་ཡོད་པ་རེད།

    རྒན་གསོའི་འགན་སྲུང་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་བར།

    སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་སྙོམས་ངང་ཕན་འདོགས་པ།

    སྤྱི་ཚོགས་འགན་སྲུང་ནི་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་འབྲེལ་བ་ཡོད། མི་དམངས་མང་ཚོགས་ལ་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། ཕོ་མོ། ལས་རིགས་བཅས་ཀྱི་དབྱེ་བ་མེད་པར་ལོ་ན་རྒས་པ་དང་ནད་ཡམས་དང་། ལས་ཤོར། ལས་རྨས། དབང་སྐྱོན། དབུལ་ཕོངས་སོགས་ཀྱི་ཉེན་ཁ་འཕྲད་སྐབས་ཚང་མར་དེ་མཚུངས་ཀྱི་ལམ་ལུགས་ཀྱི་འགན་སྲུང་བྱེད་ཀྱི་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། ཀྲུང་དབྱང་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སོགས་ཀྱི་ཚོགས་འདུའི་ཐོག་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྤྱིའི་ཇུས་གཞི་དང་སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བསམ་འཆར་སོགས་ལ་ཞིབ་འཇུག་དང་གྲོས་ཞིབ་ཐེངས་མང་བྱས་ནས་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་ཚོད་འཛིན་བྱེད་པའི་དཀའ་གནད་ལ་དམིགས་ཏེ་རྒྱུན་ཆད་མེད་པར་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས”ཞེས་ཁ་གསལ་་བསྟན་གནང་ཡོད།

    2014ལོར་རང་རྒྱལ་གྱིས་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་བཙུགས་ཏེ། གྲོང་གསེབ་ཀྱི་གྲོང་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མིན་པའི་གྲོང་མིའི་འགན་སྲུང་མ་ལག་ནང་གཅིག་མཚུངས་སུ་བཅུག་ཡོད། 2017ལོར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་གསུམ་གྱིས་བསམ་འཆར་བཏོན་ནས་ས་གནས་སྲིད་གཞུང་གིས་དབུལ་ཕོངས་མི་སྣ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་ཚབ་འཇལ་བྱས་པས་དབུལ་ཕོངས་མི་སྣ་ཁྲི་6098ཀྱི་རྒན་རྒོན་གྱི་འཚོ་བར་བློས་འགེལ་ཆོག་པའི་འགན་སྲུང་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    སྒྱུར་བཅོས་བྱེད་ཐབས་རེ་རེ་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་དང་སྒྱུར་བཅོས་ཀྱི་ཁེ་ཕན་རེ་རེ་རྒྱུན་ཆད་མེད་པར་འདོན་སྤེལ་ཐུབ་ཡོད། 2023ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་རྒྱལ་གྱི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་རྨས། ལས་ཤོར་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་10.7དང་། དུང་ཕྱུར་13.3 དུང་ཕྱུར་3.0 དུང་ཕྱུར་2.4བཅས་སོ་སོར་ཟིན་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཡོད།

    སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ་དེ་སྔ་ས་ཁུལ་བསྒྲལ་ནས་སྨན་རིན་རྩིས་ཞུ་བྱེད་ཐབས་བྲལ་བས་ནད་པ་ཁག་ཅིག་ལ་རྙོག་དྲ་ཆེན་པོ་བཟོ་གི་ཡོད། ད་ཆ་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་མཇུག་རྩིས་རྒྱག་པ་དེས་མི་སེར་ལ་ཐོབ་སྣང་དེ་བས་མང་བ་ཡོང་གི་ཡོད།

    རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པར་ཐད་ཀར་མཇུག་རྩིས་རྒྱག་མཁན་མི་ཐེངས་ཁྲི་5128ཙམ་ཟིན་པ་དང་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་སྔ་འདོན་སྒོར་དུང་ཕྱུར་421.67ཙམ་སྤྲོད་ཉུང་དུ་ཕྱིན་པ་དེ་2023ལོའི་དུས་མཚུངས་ལས་162.35%དང་41.91%སོ་སོར་འཕར་ཡོད།

    མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་། མི་དམངས་ཀྱི་གནས་བབ་གཙོ་བོ་དང་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག མི་དམངས་ལ་རེ་འབོད་ཡོད་ན་སྒྱུར་བཅོས་ལ་བརྡ་ལན་ཡོད་པ་མཐའ་འཁྱོངས་བཅས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་དང་། སྒྱུར་བཅོས་མི་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་བཅས་བྱས་ཡོད།

    ད་ལྟ་འཚོག་བཞིན་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་ཕྱིན་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གིས་མི་དམངས་ཡོངས་ལ་ཕན་པ་ཐོབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།