དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱས་པ།

    སྟེང་ཆེན་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-17

    ས་མདོ་ཤང་ས་མདོ་གྲོང་ཚོའི་མང་ཚོགས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་ཀྱི་རྒྱ་སེའི་མེ་ཏོག་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

    སེར་ཚ་ཤང་སྲིབ་པ་གྲོང་ཚོའི་སྤོས་ལས་སྣོན་བཟོ་གྲྭའི་བཟོ་ཁང་དུ་བཟོ་པས་སྤོས་བཟོ་བཞིན་པ།

    ཞེ་གཞུང་ཤང་ཞེ་གཞུང་གྲོང་ཚོའི་མང་ཚོགས་ཀྱིས་གྲོང་ཚོའི་ཞིང་ལས་སྐྱེ་ཁམས་ཐོན་ལས་གླིང་དུ་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་འཕེལ་རྒྱས་བརྗོད་དོན་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་བ་བྱས་ནས། གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་འདེགས་སྐྱོར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། སྟེང་ཆེན་རྫོང་དུ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཁག་105ཡོད་པའི་ནང་ཀྲུང་དབྱང་གིས་འདེགས་སྐྱོར་བྱས་པའི་རྣམ་གྲངས་23ཡོད་པ་དང་། ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་5མན་གྱི་ཁེ་ལས་74དང་། སྒོར་ཁྲི་5ནས་ཁྲི་50བར་གྱི་ཁེ་ལས་30 སྒོར་ཁྲི་50ཡན་གྱི་ཁེ་ལས་1བཅས་ཡོད་པས་2023ལོར་ཡོང་འབབ་སྒོར་ཁྲི་511.2ལྷག་ཙམ་བཏོད་ཡོད་པ་རེད།

    སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱས་པ།

    “ང་ཚོས་འབྲེལ་ཡོད་སྲིད་ཇུས་དང་རྣམ་གྲངས་སྣ་ཚོགས་དང་ཟུང་འབྲེལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་ཕ་ཡུལ་དུ་ལོག་པའི་གཞོན་ནུས་ལས་གཏོད་བྱེད་པར་གཙོ་གནད་ཐོག་ཁྲིད་སྟོན་བྱས་པ་མ་ཟད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་རྩ་འཛུགས་གསར་པ་གཉིས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཁག་ཐེངས་9ཡི་མི་གྲངས་214ལྗོངས་ཕྱིར་གསོ་སྦྱོང་བྱས་ཡོད”ཅེས་སྟེང་ཆེན་རྫོང་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་རིང་དབྱངས་འཛོམས་ཀྱིས་ངོ་སྤྲོད་བྱས། 2023ལོར་སྟེང་ཆེན་རྫོང་དུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་172ཡོད་པའི་ནང་སློབ་གྲྭ་ཆེ་མོ་བས་དྲུག་ཆ་གཅིག་བཟུང་ཡོད་པ་རེད།

    སློབ་ཆེན་སློབ་ཐོན་སློབ་མ་ཨོ་རྒྱན་ཚེ་ཕུན་ནི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་གྲས་ཤིག་ཡིན་ཞིང་། 2021ལོར་སློབ་ཆེན་ཐོན་པའི་ཁོང་གིས་བློ་བརྟན་འགྱུར་མེད་ངང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་འགོ་ཚུགས། 2022ལོར་ཨོ་རྒྱན་ཚེ་ཕུན་དང་ལས་གཏོད་མཉམ་ལས་པས་རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་དང་ནང་མིའི་རོགས་རམ་འོག་སྐར་ཆེན་བརྡ་ཆ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད། “ཉེ་བའི་ལོ་གཉིས་རིང་། ལས་སྒོའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཀུང་སིའི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ཡོད། སྤྱི་ཚོགས་ལ་ཕན་ཐོགས་བསྐྲུན་ཆེད། ང་ཚོས་སྔ་རྗེས་སུ་ས་གནས་དེ་གའི་མང་ཚོགས་15ཀུང་སིར་བསྡུས་ཏེ་མི་རེའི་ཟླ་རེར་གླ་ཕོགས་སྒོར་3000ནས་7000བར་སྤྲོད་ཀྱི་ཡོད”ཅེས་ཨོ་རྒྱན་ཚེ་ཕུན་གྱིས་ངོ་སྤྲོད་བྱས།

    ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གྱིས་གྲོང་ཚོ་སྟོབས་ལྡན་དང་དམངས་ཕྱུག་གི་རྣམ་གྲངས་གསར་སྤེལ་བྱས་པ།

    སྟེང་ཆེན་རྫོང་གིས་གྲོང་ཚོ(གྲོང་ལྷན)ཁག་གི་ས་བབ་ཀྱི་ལེགས་ཆར་གཞིགས་ནས་ས་གནས་དེ་གའི་ལེགས་ཆའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་དང་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་དོན་དངོས་དང་མཐུན་པ་དང་། མ་འཇོག་ཆུང་བ། ཕན་འབྲས་ཐོན་མགྱོགས་པ། གཉེར་སྐྱོང་དོ་དམ་བྱེད་བདེ་བ་བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་གསར་སྤེལ་བྱེད་རོགས་བྱས་པས། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཐེབས་ཏེ་མཉམ་སྡེབ་ཡོང་འབབ་མང་དུ་ཕྱིན་ཡོད།

    དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་གཏམ་སྟོད་ཤང་གཏམ་སྟོད་གྲོང་ཚོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་སྟེང་ཆེན་རྫོང་གིས་མཉམ་སྡེབ་དཔལ་འབྱོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་དཔེ་མཚོན་ཞིག་རེད། 2017ལོར་སྟེང་ཆེན་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མ་དངུལ་སྒོར་ཁྲི་397བསྡུ་སྒྲིལ་བྱས་ནས་གཏམ་སྟོད་གྲོང་ཚོའི་རང་བྱུང་རྩྭ་ར་མུའུ་ཁྲི་20.9གསར་སྤེལ་བྱས་པ་དང་འབྲེལ། གྲོང་ཚོར་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་རོགས་བྱས་ཡོད། དེ་རྗེས་མཉམ་ལས་ཁང་གིས་བོད་བྱ་དང་བོད་ཕག་གསོ་སྤེལ་དང་སྔོ་ཚལ་དྲོད་ཁང་ཆེན་པོའི་འདེབས་འཛུགས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་གསོ་སྤེལ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། རྣམ་གྲངས་ལག་བསྟར་བྱེད་རིང་། གྲོང་ཚོ་དེ་གའི་མང་ཚོགས་དུད་ཚང་45ཡི་མི་62ངལ་རྩོལ་གྱི་བགོ་འགྲེམས་ལ་བརྟེན་ནས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་དང་། 2023ལོར་གྲོང་མི་576ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    ཁྱད་ལྡན་སྤུས་རྟགས་བཏོད་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་གཏིང་ཤུགས་འཕེལ་བར་བྱས་པ།

    2018ལོར་སྟེང་ཆེན་གྲོང་རྡལ་སྟེང་ཆེན་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་སྡེ་ཁུལ་ལ་སྤྱི་སྟེགས་ཨང་རྟགས་དང་པོ་དེ་བཟོས་པ་རེད། དེ་རྗེས་སྡེ་ཁུལ་མང་ཚོགས་ཀྱིས་སྤྱི་སྟེགས་ཨང་རྟགས་བརྒྱུད་ས་གནས་དེ་གའི་ཡུལ་ཟོག་ཐོན་རྫས་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་བྱས་པས་ས་ཁོངས་དྲིལ་བསྒྲགས་ཀྱི་བཀག་རྒྱ་ལས་བསྒྲལ་ནས་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད། “སྤྱི་སྟེགས་ཨང་རྟགས་གཉེར་སྐྱོང་ལེགས་གྲུབ་བྱུང་བ་དེས་ཡུལ་ཟོག་ཐོན་རྫས་ཀྱི་སྤུས་རྟགས་གཟུགས་བརྙན་ལེགས་སུ་ཕྱིན་ནས་འཛད་སྤྱོད་པ་དེ་བས་མང་བའི་ཡིད་ཆེས་ཐོབ་ཡོད། ངས་ཀྱང་སྤྱི་སྟེགས་ཨང་རྟགས་གཉེར་སྐྱོང་བརྒྱུད་རིམ་ནང་དྲ་རྒྱའི་ཚོང་གཉེར་དང་སྤྱོད་མཁན་གྱི་ཚོང་གཉེར་སྐོར་གྱི་ཤེས་བྱ་མང་པོ་སྦྱངས་པས‘དུས་བསྟུན་མདུན་སྐྱོད’དངོས་འབྲེལ་ཐུབ་བྱུང”ཞེས་ཕ་ཡུལ་གྱི་ཡུལ་ཟོག་ཐོན་རྫས་དྲ་ཐོག་ནས་བྲིན་ཁ་རྒྱུག་པོ་ཡོད་པ་མཐོང་སྐབས་ཉི་མ་ཚེ་རིང་གིས་སྤོབས་པ་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།