བཞད་མཐོང་སྨོན་རྫོང་གི་ཞིང་འབྲོག་ཐོན་རྫས“ཐོན་སྐྱེད་དང་། ཉོ་སྒྲུབ། ཕྱིར་ཚོང”བཅས་གཞི་གཅིག་ཅན་གྱི་མ་ལག་རིམ་བཞིན་གྲུབ་པ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི“ལྟེ་བ་གཅིག”ལ་དམ་པོར་དམིགས་ཏེ། ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་བརྟན་པོ་ཡོང་བའི“འགག་རྩ་གཉིས”མངོན་གསལ་དོད་དུ་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་འཁོར་འབྲེལ། ཕྱིར་ཚོང་འཁོར་འབྲེལ་བཅས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཐོན་འཕར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བཞད་མཐོང་སྨོན་རྫོང་གིས་ཁུལ་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་གཏོད་པར་དམིགས་ཏེ་ཁ་ཐོར་དུ་གནས་པའི་ངོ་བོ་གཅིག་མཚུངས་ཀྱི་མཉམ་ལས་ཁང་བསྡུ་སྒྲིལ་བྱས་ཁར། མཉམ་ལས་ཁང་གི་མཉམ་འབྲེལ་ལས་སྟེགས་བཙུགས་ནས་མཐོང་སྨོན་གྱི་ཞིང་འབྲོག་ཐོན་རྫས་ཕྱོགས་བསྡུས་གསར་སྤེལ་མཁོ་ཚོང་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་བཙུགས་པར་མིག་སྔར་མཉམ་ལས་ཁང་88དང་ཀུང་སི་10དེའི་ནང་ཞུགས་པས་མཉམ་ལས་མཉམ་འབྲེལ་ཁང་གི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
ཞིང་འབྲོག་ཐོན་རྫས་དང་ཁྲོམ་ར་སྦྲེལ་མཐུད་བྱེད་པའི“མཐའ་མའི་འགག་གནད”ཐག་གཅོད་ནུས་ལྡན་བྱ་ཆེད། ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་གིས་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ཧུར་ཐག་བཏོན་ནས་བཞད་མཐོང་སྨོན་རྫོང་དང་། གཞིས་རྩེ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར་བཅས་སུ“རྫོང་དང་། གྲོང་ཁྱེར། རང་སྐྱོང་ལྗོངས”བཅས་ལ་ཁྱབ་པའི་རིམ་གསུམ་ཕྱིར་ཚོང་དྲ་རྒྱ་ཞིག་བཙུགས་ཏེ། སྤུས་ཚད་ཀྱི་ཚད་གཞི་གཅིག་གྱུར་དང་། ཉོ་ཚོང་ཐབས་ལམ་ཤར་བགྲོད། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བཅས་བྱས་ནས“བཞད་མཐོང་སྨོན་གྱི་མཆོག་ནོར་གསུམ”སྟེ་རྫ་ཆས་དང་། ཀོ་ཆས། བོད་གྲི་བཅས་དང་མཐོང་སྨོན་གྱི་ས་མཐོའི་ལུག་མིག་མེ་ཏོག་སོགས་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་ར་ཆེན་པོར་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་བཏང་བས་ཐོན་རྫས་ཀྱི་མིང་གྲགས་དང་ཁས་ལེན་ཐོབ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།