ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་གཅེས་སེམས་ཟ་ཁང་བཙུགས་པ།
ཟས་སྣ་ཕུན་སུམ་ཚོགས། འཚོ་བ་ལོངས་སྤྱོད་ཆེ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་གཅེས་སེམས་ཟ་ཁང་དུ་སྐྱོད་སྐབས། གྱང་ངོས་སུ་བུལ་ཐུག་དང་། ཚགས་ཤ་གྲང་ཚལ། ཞོག་སིལ་ཤ་བརྔོས་སོགས་སྣ་མང་ཕུན་སུམ་ཚོགས་པའི་བཟའ་བཅའི་མིང་བྲིས་འདུག ཟ་ཁང་དེས་ཁོངས་གཏོགས་ཁུལ་གྱི་དབང་པོ་སྐྱོན་ཅན་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། རྒན་རྒོན་མི་ཧྲེང་། གཞིས་ལུས་བྱིས་པ་བཅས་ལ་གཙོ་བོར་དམིགས་ནས་རིན་པ་མི་དགོས་པར་ཟ་མ་སྤྲོད་པ་མ་ཟད། སྒུལ་སྐྱོད་སྟབས་བདེ་མེད་པའི་གྲོང་མིར་སྒོ་རྩར་ཟ་མ་སྐྱེལ་བ་སོགས་བྱེད་ཀྱི་ཡོད། གཞན་ཡང་གད་པ་དང་། མོས་འདེམས་ཀྱི་ཉོ་སྐྱེལ་བ། མྱུར་སྐྱེལ་བ། བདལ་གཏོང་རླངས་འཁོར་ཁ་ལོ་བ་སོགས་དམིགས་བསལ་ལས་རིགས་ཀྱི་མི་སྣར་ཡང་ཟ་མ་མཁོ་འདོན་བྱེད་པ་དང་སྦྲགས། ལྷ་སར་གནས་སྐབས་ལས་ཀ་རག་མེད་པའམ་དཀའ་ངལ་འཕྲད་པའི་མིར་ཡང་རིན་པ་མེད་པར་ཁ་ལག་སྤྲོད་ཀྱི་ཡོད། གང་ལྟར་ཟ་ཁང་ནང་འཛུལ་ནས“ཁྱིམ་མཚེས་ཀྱི་ཟ་མ”དེ་དགོས་ཞེས་བཤད་ན་ཟ་ཁང་གིས་ཟས་རིགས་མཁོ་འདོན་བྱེད་ཀྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གཅེས་སེམས་ཟ་ཁང་ནི་གྲྭ་བཞི་གྲོང་གསར་སྡེ་ཁུལ་དང་ཚ་རོང་ཚང་སྲོལ་རྒྱུན་ཟ་ཁང་གིས་དེ་སྔའི་བོགས་གཏོང་གན་རྒྱའི་རྨང་གཞིའི་ཐོག་མཉམ་ལས་བྱས་པ་ཞིག་རེད། ཟ་ཁང་སྦྱིན་བདག་གིས་རང་འགུལ་ངང་ཁེ་སྤོགས་ཁྲོད་ནས་20%བཏོན་ཏེ་སྤྱི་ཚོགས་ཕན་བདེའི་བྱ་གཞག་ཐད་བཏང་ནས“གྲོང་གསར་ལ་དགའ། རིན་མེད་ངང་ཟ་མ་སྤྲོད་པའི”སྡེ་ཁུལ་གྱི་གཅེས་སེམས་ཟ་ཁང་དེ་བཙུགས་ཏེ། སྡེ་ཁུལ་གྱི་གྲོང་མིར་ཕན་བདེ་ཁ་ཡོད་ལག་ཡོད་བསྐྲུན་ཡོད། གཅེས་སེམས་ཟ་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་84ཡོད་པས་སྐུ་མགྲོན་60ལྷག་ཙམ་ལ་དུས་གཅིག་ཏུ་ཟ་མ་སྤྲོད་ཐུབ་ཀྱི་ཡོད། བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་དྲུག་པར་ལས་གཉེར་བྱས་པ་ནས་བཟུང་། ཆ་སྙོམས་ཉིན་རེར་ཟ་མ་བཟའ་མཁན་100ལྷག་ཙམ་འོང་གི་ཡོད།
གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའི་ཅི་བསྟན་འཛིན་ངག་དབང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་སྡེ་ཁུལ་ལ་མི་7949ཡོད་པའི་ཁྲོད་ནས་རྒས་འཁོགས་6རྒྱུན་དུ་གཅེས་སེམས་ཟ་ཁང་ལ་ཟ་མ་བཟའ་བར་འོང་བ་ཕུད། རྒས་འཁོགས་མང་ཆེ་བས་རིན་པ་སྤྲོད་མི་དགོས་པར་ཟ་མ་ཟ་བར་འཚེར་སྣང་བྱས་ནས་རྒྱུན་དུ་འོང་གི་མེད། “རྒན་རྒོན་ཚོས་འདུ་ཤེས་འདི་རིགས་ལ་འགྱུར་བ་བཏང་ནས་གཅེས་སེམས་ཟ་ཁང་འདི་རང་ཁྱིམ་དུ་བརྩིས་ཏེ་ག་དུས་ཡིན་ཡང་ཟ་མ་ཟ་བར་འོང་བར་ང་ཚོས་རེ་བ་བྱེད་ཀྱི་ཡོད། ང་ཚོས་རིན་པ་མི་དགོས་པར་ཟ་མ་སྤྲོད་པ་ནི་རྒན་རྒོན་ཚོས་རང་ཁྱིམ་དུ་སླེབས་པ་ལྟ་བུའི་དྲོ་སྐྱིད་དང་སེམས་ཁུར་ཚོར་ཐུབ་པའི་ཆེད་དུ་ཡིན”ཞེས་བཤད་ཅིང་། ཁོང་གིས“རྒན་རྒོན་སྔར་ལས་མང་བ་ཟ་ཁང་ལ་ཟ་མ་ཟ་བར་ཡོང་ཆེད། དྲ་མིག་པ་ཚོས་དུད་ཚང་རེ་རེར་བསྐྱོད་དེ་གྲལ་བཤེར་བྱས་ནས་ཆ་འཕྲིན་ཐོ་བཀོད་པ་མ་ཟད། འཚོ་བར་དཀའ་ངལ་འཕྲད་པའམ་ཡང་ན་ལས་ཀ་མ་རག་པའི་གྲོང་མིར་རིན་མེད་ཟ་མ་ཟ་བའི་གཱ་སྤྲད་ཡོད། གང་ལྟར་གྲལ་བཤེར་བྱེད་རིང་འཚོ་བར་དཀའ་ངལ་ཡོད་པའམ་ཡང་ན་གནས་སྐབས་ལས་ཀ་རག་མེད་པའི་གྲོང་མི་ཡིན་ཕྱིན་ཚང་མ་ཡོང་ནས‘ཁྱིམ་མཚེས་ཀྱི་ཟ་མ’ཟ་ཆོག གལ་སྲིད་སྒུལ་སྐྱོད་སྟབས་མི་བདེ་བའི་རྒན་འཁོགས་ཡིན་ཚེ། སྔོན་ཚུད་ནས་ང་ཚོར་མངགས་ཚེ་སྒོ་རྩར་སྐྱེལ་བར་འགྲོ་གི་ཡོད”ཅེས་བཤད།
ཟ་མ་སྐྱེལ་བའི་ཞབས་འདེགས་ཞུས་པ་དེས་རྡོ་རྗེའི་གུང་ཟས་ཀྱི་དཀའ་ངལ་ཐག་གཅོད་ཐུབ་ནས་སྡེ་ཁུལ་གྱི་དོ་ཁུར་དང་དྲོ་སྐྱིད་ཟབ་མོ་ཚོར་ཡོད། ཁོང་གིས“དེའི་འབྲས་འབོལ་ལ། ཚལ་གྱི་ཚྭ་ཉུང་ཞིང་བྲོ་བ་ཞིམ་པོ་འདུག་པས་ཧ་ཅང་དགའ་པོ་ཡོད། ངས་འདིར་འཚོ་བ་བསྐྱལ་ནས་ལོ་20ལྷག་ཙམ་ཕྱིན་པ་དང་། སྡེ་ཁུལ་དང་དུད་སྦྲེལ་སྤྱི་མིས་རྟག་ཏུ་རང་ཉིད་ལ་ལྟ་རྟོག་ལྷག་པར་བྱེད་ཀྱི་འདུག ད་ཆ་སྡེ་ཁུལ་ལ་གཅེས་སེམས་ཟ་ཁང་བཙུགས་ནས་ཟ་མ་སྐྱེལ་གྱི་ཡོད་པས་དངོས་གནས་སྟབས་བདེ་ལ་ཞབས་ཞུ་ཞིབ་ཚགས་པོ་ཞིག་འདུག”ཅེས་བཤད།