དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངོན་མིན་རིག་གནས་ཤུལ་བཞག་དེ་བས་ཡངས་པའི་ཁྲོམ་རར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-16

    ཤར་པའི་ཞབས་བྲོ་ནི་ཤར་པ་བ་མི་རབས་ནས་མི་རབས་བར་གྱིས་རྒྱུན་འཛིན་བྱས་པའི་ཞབས་བྲོའི་རྣམ་པ་ཞིག་རེད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་ལྷོ་ནུབ་དང་ཧི་མ་ལ་ཡའི་རི་རྒྱུད་དབུས་ཀྱི་ལྷོ་ངོས་སུ་གནས་པའི་འདྲེན་ཐང་གྲོང་རྡལ་གྱི་ཆ་སྙོམས་ས་བབ་སྨི་2000ཙམ་ཟིན་པ་དང་དེ་ནི་ཤར་པ་བའི་འདུས་སྡོད་ཁུལ་གཙོ་བོ་རེད།

    2011ལོར“འདྲེན་ཐང་ཤར་པའི་ཞབས་བྲོ”རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གསུམ་པའི་མིང་གཞུང་ནང་བཅུག་པ་དང་བསྟུན་ནས་གནམ་གང་ཡང་ཤར་པའི་ཞབས་བྲོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ཡོད།

    དུས་ཆེན་གལ་ཆེན་འཆར་རིམ་བཞིན་ཡུལ་དེར་ཤར་པའི་ཞབས་བྲོ་གཟབ་རྒྱས་ཤིག་འཁྲབ་ཀྱི་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་ཧི་མ་ལ་ཡའི་རོང་5ཡི་ཡུལ་སྐོར་ལམ་ཐིག་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་བསྟུན་ནས་འདྲེན་ཐང་དུ་ཡོང་མཁན་ཡུལ་སྐོར་བ་ཇེ་མང་ནས་ཇེ་མང་དུ་སོང་སྟེ་ཤར་པའི་ཞབས་བྲོ་ཡི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་བཞིན་ཡོད།

    དེའི་དབང་གིས་གནམ་གང་དང་ཁོང་གི་དགེ་ཕྲུག་ཚོའི་ཞབས་བྲོ་འཁྲབ་པའི་སེམས་ཤུགས་དེ་བས་འཕེལ་ཡོད། “མི་དེ་བས་མང་བས་ང་ཚོའི་རིག་གནས་ལ་རྒྱུས་ལོན་བྱེད་ཀྱི་ཡིན། ད་དུང་འཁྲབ་ཐུབ་ཚེ་ངས་མུ་མཐུད་འཁྲབ་ངེས་ཡིན་ལ། ད་དུང་ལུས་པོས་འཇོན་ཚེ་ངས་རང་ཉིད་ཀྱིས་ཤེས་པའི་ཞབས་བྲོ་ཚང་མ་མུ་མཐུད་བསླབས་ནས་རྒྱུན་འཛིན་ཐུབ་པ་བྱེད་ཀྱི་ཡིན” ཞེས་གནམ་གང་གིས་བརྗོད།

    གཏིང་སྐྱེས་རྫོང་གིས་ཤར་པའི་ཞབས་བྲོ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། བརྒྱུད་སྦྱོང་རྟེན་གཞི་འཛུགས་པ་དང་འགྲོ་སོང་དང་ཁ་གསབ་སྤྲོད་པ་སོགས་བྱས་པས། གནམ་གང་དང་ཁོང་གི་དགེ་ཕྲུག་ཚོས་ཞབས་བྲོ་འཁྲབ་པའི་རྐྱེན་གྱིས་ཞིང་ལས་ལ་འཐུས་ཤོར་ཕྱིན་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་བསལ་ཡོད་ལ། ཞབས་བྲོ་འཁྲབ་ནས་ཁྱིམ་གྱི་ཡོང་འབབ་ཀྱང་མང་དུ་སོང་ཡོད། འདྲེན་ཐང་རོང་དུ་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་ཕྱིན་པ་དང་བསྟུན་ནས་ཞབས་བྲོ་འཁྲབ་མཁན་གྱི་ཡོང་འབབ་ཀྱང་ཟམ་མི་ཆད་པར་མང་དུ་སོང་ཡོད།

    ཧི་མ་ལ་ཡའི་རི་རྒྱུད་དུ་འདྲེན་ཐང་གི་ངོ་མཚར་གནས་ཤིང་རིག་གནས་ཀྱི་གདིང་གཞི་ཡོད། ངོ་མཚར་གྱི་སྣང་བ་དེས་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཅིང་། འདི་ལོ་གཏིང་སྐྱེས་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་700ཙམ་བྱུང་ཡོད།

    ཤར་པའི་ཞབས་བྲོ་ཕུད་འདྲེན་ཐང་དུ་ཡོང་མཁན་ཡུལ་སྐོར་བ་ཚང་མས་ཡུལ་དེའི་མང་ཆག་ལས་བསྙལ་བའི་མང་ཆག་ཨ་རག་གི་བྲོ་བ་མྱོང་གི་ཡོད། 2013ལོར་འདྲེན་ཐང་གི་མང་ཆག་ཨ་རག་བསྙལ་སྟངས་དེ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།

    ལོ་59ལ་སླེབས་པའི་ལྷ་མོས་ཆུང་དུས་ནས་ཨ་མས་མང་ཆག་བསྙལ་བ་དེ་མིག་གོམས་ལག་འདྲིས་སུ་གྱུར་པས་ད་ཆ་མང་ཆག་བསྙལ་སྟངས་རྒྱུན་འཛིན་ཐུབ་ཡོད། ད་ཆ་ཁོང་ནི་འདྲེན་ཐང་གི་མང་ཆག་བསྙལ་སྟངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པས། ལོ་ལྟར་ཁོང་ལ་རྫོང་ནས་མཁོ་འདོན་བྱས་པའི་རྒྱུན་འཛིན་པའི་གྲོན་དངུལ་རག་གི་ཡོད་པ་མ་ཟད། ད་དུང་མང་ཆག་ཨ་རག་བཙོངས་ནས་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་རག་གི་ཡོད།

    གཏིང་སྐྱེས་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ལྷ་མོར་ཨ་རག་བཙོངས་པའི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་ཡོད། ཁོང་གིས་མང་ཆག་ཨ་རག་གི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་བཞིན་དུ“ན་གཞོན་ཚོས་དྲ་ཐོག་ཚོང་དོན་བརྒྱུད་ས་ཁོངས་ཀྱི་ཚད་བཀག་ལས་བརྒལ་ཏེ་མང་ཆག་ཨ་རག་ཁྲོམ་ར་དེ་བས་རྒྱ་ཆེ་བར་འཚོང་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

    འདྲེན་ཐང་གི་རི་ཆུ་བཟང་པོས་མང་ཆག་ཨ་རག་ཐོན་པ་མ་ཟད། རི་ཀླུང་ཀུན་ཏུ་སྨྱུག་མ་མང་པོ་སྐྱེས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་འདྲེན་ཐང་རོང་གི་སྨྱུག་མ་སླ་སྟངས་ཀྱང་གྲུབ་ཡོད། སྨྱུག་མ་སླ་སྟངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་རྒྱལ་པོས་བྱང་ཆ་དོད་པོས་ཡུད་ཙམ་ཞིག་ལ་སྨྱུག་མའི་སྣོད་ཆས་སྙིང་རྗེ་མོ་ཞིག་བསླས།

    ལོ་15ནས་བཟུང་རྒྱལ་པོས་སྨྱུག་མའི་སློ་མ་སླ་ཐུབ་ཀྱི་ཡོད། ཁོང་གིས་སྨྱུག་མས་བསླས་པའི་ཐོན་རྫས་ལ་དེ་སྔ་གཞིས་རྩེའི“ཁྲོམ་རའི་མདུན་ལམ་ཆེ་ཤོས་ལྡན་པའི་ལག་ཤེས་ཐོན་རྫས་བཅུ”ཡི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། ད་ཆ་རྒྱལ་པོས་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ཕབ་སྨྱུག་བསླས་འཐག་མཉམ་ལས་ཁང་བཙུགས་པ་མ་ཟད་ད་དུང་དགེ་ཕྲུག་ཀྱང་ཉར་ཡོད། ན་ནིང་ཁོང་གིས་ཤར་པའི་རིག་གནས་ཡུལ་སྐོར་དུས་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་གཉེར་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་སྨྱུག་མའི་ཐོན་རྫས་བཙོངས་པར་ཡོང་འབབ་སྒོར་ཁྲི་6ལྷག་བྱུང་ཡོད།

    རྒྱལ་པོས་རིག་གནས་ཡུལ་སྐོར་འཕེལ་རྒྱས་བྱུང་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་གོ་སྐབས་སྦྱིན་ཏེ་སྲོལ་རྒྱུན་གྱི་ལག་རྩལ་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་རང་ཉིད་ཀྱི་ལག་རྩལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ཡངས་པའི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་མདུན་ལམ་ཡངས་སུ་འགྲོ་ཐུབ་པ་བྱ་རྒྱུ་ཡིན། “ངའི་སྨྱུག་བསླས་ཐོན་རྫས་ཧི་མ་ལ་ཡའི་རི་ཚོགས་དབུས་ནས་དེ་བས་ཡངས་པའི་ཁྲོམ་རར་འགྲོ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།