དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2023ལོའི་གསར་སྣོན་རྒྱལ་བུན་གྱི་རྣམ་གྲངས་ཁྲི་1.5ཚང་མ་ལས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    ན་ནིང་ཟླ་11པ་ཚུན་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་རྣམ་གྲངས་གསལ་ཐོ་བཟོས་ནས། གསར་སྣོན་རྒྱལ་བུན་གྱི་དངུལ་སྒོར་དུང་ཕྱུར་ཁྲི་1རྣམ་གྲངས་ཁྲི་1.5ལ་བཀོད་སྒྲིག་བྱས་ཏེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེར་གཏོང་དང་། ཆུ་ལོག་སྔོན་འགོག་བཅོས་སྐྱོང་གི་ལས་གྲྭ་གཙོ་བོ། རང་བྱུང་གནོད་འཚེ་འཕྲལ་སྡོམ་གྱི་ནུས་པ་ཆེར་གཏོང་། གྲོང་ཁྱེར་གྱི་ཆུ་འབུད་དང་ཞོད་སྐྱོན་སྔོན་འགོག་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། མིག་སྔའི་བར་གསར་སྣོན་རྒྱལ་བུན་གྱི་རྣམ་གྲངས་ཁྲི་1.5ཚང་མ་ལས་འགོ་ཚུགས་ཡོད།

    རྣམ་གྲངས་དོན་འཁྱོལ་དང་ལག་བསྟར་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་ཆེད་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་ཆེ་རུ་བཏང་སྟེ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ལ་མཛུབ་སྟོན་བྱེད་པ་དང་འབྲེལ་མཉམ་དུ་ཞིབ་མཆན་འགོད་པ་དང་མཐུན་སྦྱོར་སྒྲུབ་གཉེར་སོགས་ཀྱི་བྱེད་ཐབས་བརྒྱུད། ས་ཆ་སྤྱོད་པའི་འཆར་འགོད་ཆོག་འཐུས་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོང་ཞིབ་དཔྱད། ཨར་སྐྲུན་ཆོག་འཐུས་སོགས་ཞིབ་མཆན་འགོད་པའི་འགྲོ་ལུགས་སྒྲུབ་གཉེར་བྱེད་ཚད་མགྱོགས་སུ་བཏང་བ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་མཛོད་ལ་བརྟེན་ནས་དྲ་ཐོག་གི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་པ། ཁག་གཉིས་སུ་ཕྱེ་ནས་གཙོ་གནད་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ། སྐུལ་འདེད་ཡག་པོ་གཏོང་ཐུབ་མེད་པའི་ས་གནས་ལ་ལྟ་སྐུལ་དག་ཐེར་བཅས་བྱས་ཏེ་ལས་དོན་གདུབ་ཟུམ་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད། སློབ་གྲྭ་དང་། སྨན་ཁང་། འགྲོ་ལམ་སོགས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་ཁག་གཅིག་སྤྱོད་འགོ་ཚུགས་ནས་གནོད་འཚེ་ཕོག་ཡུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་པ་དང་། ཆུ་བེད་རྣམ་གྲངས་ཁག་གཅིག་ལེགས་གྲུབ་ཟིན་པ། རྨ་ཆུའི་ཀུའུ་ཞན་ཆུ་བེད་ལྟེ་གནས་དང་། ཀོང་ཤིས་ཀྱི་ཁྲང་ཐང་ཆུ་མཛོད། ཀུའེ་ཀྲོའུ་ཡི་ཧྭ་ཐན་ཙི་ཆུ་མཛོད་སོགས་ཆུ་བེད་ལས་གྲྭ་གལ་ཆེན་སྐྲུན་འགོ་ཚུགས་པ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་དང་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་ལས་གྲྭའི་ཉེན་ཁ་མྱུར་སེལ་དང་གཞི་རིམ་གྱི་གནོད་འཚེ་སྔོན་འགོག་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་པས་འབྲེལ་ཡོད་ལས་རིགས་དང་ས་གནས་ཀྱི་རང་བྱུང་གནོད་འཚེ་འཕྲལ་སྡོམ་འགན་ལེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།