དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སྲིད་གྲོས་ཀྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྤྱི་འདོམས་སོགས་ལ་དམིགས་ནས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    ཉིན་ཤས་གོང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གཅིག་པ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་གནང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་ཁྱབ་གདལ་གཏོང་བ་བཅས་བྱས་པས་གྲོང་གསེབ་འཛུགས་སྐྲུན་དང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་བཀོད་པར་སྤྱི་འདོམས་བྱ་རྒྱུར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་འཚོག་ཉེར་ཡོད་པའི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་འགན་སྒྲུབ་གྲོས་འདོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཧུའུ་ཉིང་གིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དམིགས་པ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་བཀོད་པའི་ཁྲོད་ཀྱི་གཙོ་གནད་གནད་དོན་ལ་དམིགས་པ་དང་སྤྱི་འདོམས་བྱས་ཏེ། གྲོང་གསེབ་ཀྱི་གཞི་རིམ་དང་འཐབ་ས་དང་པོར་སྐྱོད་པ་དང་། ཞིབ་འཇུག་གི་ཁྱབ་ཁོངས་དང་གཏིང་ཚད་རྒྱ་ཆེར་གཏོང་བ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ཁ་གཏད་གཅོག་ཐབས་དང་གྲོས་འགོ་དེ་བས་མང་བ་འདོན་པ་བཅས་བྱས་ནས་སྲིད་ཇུས་ཁག་བཀོད་སྒྲིག་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། “ཞིང་གསུམ”ལས་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་དུས་རབས་གསར་པ་ཤར་ཚུན་གྱི་རང་རྒྱལ་གྱི་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ལ་བྱུང་བའི་འགྱུར་ལྡོག་གསར་པ་དང་མངོན་པའི་རྣམ་པ་གསར་པ་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་གྲོང་གསེབ་འཛུགས་སྐྲུན་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆེ་དགྲ་ལྷ་དང་། ཝང་ཁྲོན་ཞི། ཧྥང་ཁྲོན་ལུང་། ཀྲའོ་ཞའོ་ཡན། ལིའུ་ཧྥང་། ཆན་ཞུའེ་མིན། ལི་ཧའོ། ཧན་མིང་ཁྲུན། ཧོ་ཅི་ཧྭ། སུན་ཅེ། གཞི་རིམ་གྱི་འཐུས་མི་ཁྲེན་ལི་ཀྲུང་བཅས་ཀྱིས་གཏམ་བཤད་གནང་བ་རེད། ཚང་མས་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སྤྱི་འདོམས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། འཛུགས་སྐྲུན། དོ་དམ་སྲུང་སྐྱོང་བཅས་སྤྱི་འདོམས་བྱས་ཏེ་རིགས་དབྱེ་དང་གོ་རིམ་ལྡན་པའི་ངང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་གྲོང་གསེབ་ཀྱི་གྲོང་མིའི་སྣ་མང་ཅན་དང་རིམ་པ་མང་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚོས་དེང་རབས་ཤེས་དཔལ་མཉམ་སྤྱོད་ཐུབ་པ་བྱེད་དགོས། གྲོང་གསེབ་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། དམ་ཟབ་ཅན་གྱི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གྱི་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས་སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་སྤུས་ཚད་ལེགས་སུ་གཏོང་དགོས་པ། གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་བར་མཐོངས་ཀྱི་བཀོད་པ་དང་སློབ་གསོ་དང་རྒན་གསོ་སོགས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་དགོས་པ་བཅས་ཀྱི་ངོས་འཛིན་གནང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཀྲོའུ་ཆང་། སུའུ་ཧུའེ། ཝང་ཏུང་ཧྥུང་། ཅང་ཙུའོ་ཅུན། ཧོ་པའོ་ཤང་། ཝང་ཀོང་ཆན། ཆིན་པོ་ཡུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་སྤེལ་རེས་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།