དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་དབྱར་འབྲུར་ལོ་ལེགས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    དབྱར་འབྲུའི་ཐོན་འབབ་ཏུན་ཁྲི་14978(རྒྱ་མ་དུང་ཕྱུར་2996)ཟིན་ནས་དུས་མཚུངས་ལས་2.5%འཕར་ཡོད།

    ཉེ་ཆར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དབྱར་འབྲུ་འདེབས་ཁྱོན་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་མུའུ་རེའི་ཐོན་འབབ་ཅུང་འཕར་བ་དང་། དབྱར་འབྲུའི་ཐོན་འབབ་ཏུན་ཁྲི་14978(རྒྱ་མ་དུང་ཕྱུར་2996)ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་362.7(རྒྱ་མ་དུང་ཕྱུར་72.5)འཕར་བ་དང་དུས་མཚུངས་ལས་2.5%འཕར་ཡོད་ཅིང་། དེའི་ནང་གྲོའི་ཐོན་འབབ་ཏུན་ཁྲི་13822(རྒྱ་མ་དུང་ཕྱུར་2764)ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་365.8(རྒྱ་མ་དུང་ཕྱུར་73.2)འཕར་བ་དང་དུས་མཚུངས་ལས་2.7%འཕར་ཡོད། རང་རྒྱལ་གྱི་དབྱར་འབྲུར་ལོ་ལེགས་བྱུང་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    དབྱར་འབྲུ་འདེབས་ཁྱོན་བརྟན་པོ་རྒྱུན་འཁྱོངས་ཐུབ་ཅིང་། ད་ལོ་རྒྱལ་ཡོངས་ཀྱི་དབྱར་འབྲུ་འདེབས་ཁྱོན་སྤྱི་ཆིང་སྟོང་26613.1(མུའུ་ཁྲི་39919.6)ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང་སྟོང་4.5(མུའུ་ཁྲི་6.8)འཕར་ནས་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ས་གནས་ཁག་གིས་འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་པོ་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། དགུན་དལ་ཞིང་ཁ་གསར་སྤེལ་བེད་སྤྱོད་དང་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱ་ཁྱོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་མུ་མཐུད་འདོན་པ་དང་གྲོ་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་མཐོ་རུ་བཏང་ནས་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་མུ་མཐུད་ལག་བསྟར་བྱེད་པ། འབྲུ་རིགས་ཐོན་སྐྱེད་རྫོང་ཆེ་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་པས་འབྲུ་རིགས་འདེབས་པ་དང་ས་གནས་ཀྱིས་འབྲུ་རིགས་ལ་དམ་འཛིན་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བཅས་བྱེད་པ། 2023ལོའི་སྟོན་དགུན་རྨོད་དུས་སུ། དགུན་གྲོ་ཐོན་ཁུལ་གཙོ་བོའི་ས་ཞིང་གི་བཞའ་ཚན་ཆེ་ཆུང་སྤྱིར་ན་འཚམ་པོ་ཡོད་ལ་ས་ཁུལ་མང་ཆེ་བར་རྨོ་འདེབས་ལ་འཚམ་པ་མ་ཟད་དགུན་གྲོའི་འདེབས་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་པ་རེད།

    དབྱར་འབྲུ་མུའུ་རེའི་ཐོན་འབབ་ཅུང་འཕར་ཞིང་། ད་ལོ་རྒྱལ་ཡོངས་ཀྱི་དབྱར་འབྲུ་མུའུ་རེའི་ཐོན་འབབ་སྤྱི་ཆིང་རེར་སྤྱི་རྒྱ་5628.0(མུའུ་རེར་སྤྱི་རྒྱ་375.2)ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང་རེར་སྤྱི་རྒྱ་135.4(མུའུ་རེར་སྤྱི་རྒྱ་9.0)འཕར་བ་དང་དུས་མཚུངས་ལས་2.5%འཕར་ཡོད། གནམ་གཤིས་ཀྱི་ཆ་རྐྱེན་སྤྱི་ཡོངས་ནས་ལེགས་པ་དང་། ཐོན་སྐྱེད་ཀྱི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པ། མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་པ་བཅས་ནི་དབྱར་འབྲུ་མུའུ་རེའི་ཐོན་འབབ་འཕར་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པ་རེད།

    དབྱར་འབྲུའི་ཐོན་འབབ་འཕར་སྣོན་བྱུང་ཞིང་། ས་ཁུལ་དབྱེ་ནས་བལྟས་ན། དབྱར་འབྲུ་ཐོན་ཁུལ་21གི་ཐོན་འབབ་ཅུང་འཕར་བ་དང་། ཧོ་ནན་དུ་ད་ལོ་སླར་གསོའི་རང་བཞིན་གྱི་ཐོན་འཕར་ཏུན་ཁྲི་235.6(རྒྱ་མ་དུང་ཕྱུར་47.1)འཕར་བ་དེས་རྒྱལ་ཡོངས་ཀྱི་འཕར་ཚད་ཀྱི་65.0%བཟུང་ཡོད། ཧྲན་ཏུང་དང་། ཅང་སུའུ། ཨན་ཧུའེ། ཧོ་པེ་སོགས་དབྱར་འབྲུ་ཐོན་ཁུལ་གཙོ་བོ་སོ་སོར་ཏུན་ཁྲི་42.4(རྒྱ་མ་དུང་ཕྱུར་8.5)དང་། ཏུན་ཁྲི་23.3(རྒྱ་མ་དུང་ཕྱུར་4.7) ཏུན་ཁྲི་18.5(རྒྱ་མ་དུང་ཕྱུར་3.7) ཏུན་ཁྲི་14.4(རྒྱ་མ་དུང་ཕྱུར་2.9)བཅས་ཐོན་འཕར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།