དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས《བརྡ་ཐོ》བཀྲམ་ནས།

    སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་། གཤམ་གཏོང་། དོ་སྙོམས་བཅས་ཀྱི་བཀོད་ཇུས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-15

    《ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《〈སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར〉གྱི་བརྡ་ཐོ》ལག་བསྟར་དོན་འཁྱོལ་བྱས་ཏེ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་། གཤམ་གཏོང་། དོ་སྙོམས་བཅས་ཀྱི་བཀོད་ཇུས་ལ་སྐུལ་འདེད་བཏང་ནས། 2030ལོར་སླེབས་སྐབས་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྱོན་བྲལ་ངང་འཕེལ་རྒྱས་ངང་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བརྡ་ཐོའི》ནང་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་སྤྱི་འདོམས་དང་བཀོད་སྒྲིག་ལེགས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་འཁོར་རྒྱུག་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། གྲོང་གསེབ་ས་ཁུལ་གྱི་སྨན་བཅོས་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་སོགས་ཀྱི་ཐད་ནས་ས་གནས་ཁག་དང་ཚན་པ་ཁག་ལ་བླང་བྱ་བཏོན་ཡོད་པ་རེད།

    རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་སྤྱི་འདོམས་དང་བཀོད་སྒྲིག་ལེགས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཀོད་སྒྲིག་ལེགས་སྒྱུར་བྱས་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཞི་གཅིག་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་དགོས། རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། དབུགས་འབྱིན་རྔུབ་དང་། འཇུ་ལམ། སྨྱོ་ནད། ཀུན་བཅོས་གསོ་རིག རྒན་རྒོན་ལུས་གསོ། བུད་མེད་དང་བྱིས་པ། ནད་ལྕི་གསོ་རིག གཉན་ཚད་དང་བརྙན་རིས། ཞིབ་དཔྱད། ནད་རིགས་སོགས་ལས་སྟེགས་ཀྱི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། རྒྱུན་མཐོང་གི་ནད་དང་། ཕོག་སླ་བའི་ནད། གཅོང་ནད་བཅས་ནད་བརྟག་སྨན་བཅོས་དང་། དེ་བཞིན་ནད་གཞི་ཚབས་ཆེན་དང་ལྕི་བའི་རིགས་ཀྱི་ནད་པ་མྱུར་སྐྱོབ་དང་རྩད་ཆོད་དཀའ་བ་དང་རྙོག་འཛིང་ཆེ་བའི་ནད་པ་རིམ་པ་གོང་མའི་སྨན་ཁང་དུ་བསྒྱུར་ནས་སྨན་བཅོས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་ཀྲུང(བོད)ཕྱི་ལུགས་སྨན་བཅོས་ཞབས་ཞུའི་ལེགས་ཆ་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་བདེ་ཐང་སྨན་བཅོས་གྲངས་གཞིའི་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས།

    གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་འཁོར་རྒྱུག་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད། འདུས་ཆེའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། འདུས་ཆེའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པའི་ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་ཡོན་ཀྲང་གི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་མ་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དཔྱད་ཞིབ་ཚད་ལོན་པའི་གྲོང་གསེབ་སྨན་པའི་ལས་གནས་ཁ་གསབ་ལྗོངས་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་མི་དམའ་བར་བྱེད་དགོས། རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“ནད་ཆུང་གྲོང་ཚོར་བཅོས་ཐུབ་པ་དང་། རྒྱུན་མཐོང་ནད་གཞི་ཤང་དུ་བཅོས་ཐུབ་པ། ནད་ཆུང་རྫོང་དུ་བཅོས་ཐུབ་པ། རྩད་ཆོད་དཀའ་བ་དང་ཚབས་ལྕི་རིགས་སྨན་ཁང་བསྒྱུར་ནས་སྨན་བཅོས་བྱེད་པ”བཅས་མངོན་འགྱུར་ཡོང་བར་བྱས་ནས། རྫོང་ཁོངས་ཀྱི་གྲོང་གསེབ་ཏུ་ཐོག་མར་སྨན་བཅོས་ཐུབ་ཚད་70%ཟིན་པའི་བརྩོན་ལེན་བྱས་ཏེ། ནད་པ་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་སྐོར་སྐྱོད་ཐུབ་པར་བྱེད་དགོས།

    གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཐད། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཀུན་བཅོས་ཚན་ཁག་དང་། བྱིས་ནད་ཚན་ཁག བྱིས་པའི་བདེ་སྲུང་། ཁ་སྦུག་དང་དེའི་སྔོན་འགོག་དང་བདེ་སྲུང་། སེམས་ཁམས་བདེ་ཐང་། བདེ་ཐང་སླར་གསོ་སོགས་ཤེས་ལྡན་པ་མཁོ་སྤྲོད་བྱེད་ཚད་མང་དུ་ཏན་ཏིག་གཏོང་དགོས། དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་དང་ས་བབ་མཐོ་བའི་ས་ཁུལ་གྱི་གྲོང་གསེབ་ཀྱི་སྨན་བཅོས་ཤེས་ལྡན་པ་ཡོངས་བསྒྲགས་ངང་གདན་ཞུ་བྱེད་སྐབས་ལོ་ན་དང་། སློབ་རྒྱུས། ཆེད་ལས་སོགས་ལས་གནས་བཀོད་སྒྲིག་གི་ཆ་རྐྱེན་ལྷུག་ཏུ་འོས་འཚམ་བཏང་ནས་རྒྱུགས་ལེན་གྱི་བསྡུར་ཚད་འོས་འཚམ་ངང་དམའ་རུ་གཏོང་བའམ་ཡང་ན་རྒྱུགས་ལེན་མི་དགོས་པར་བྱེད་དགོས། ཡོང་འབབ་དང་ཐོབ་ཆའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་སྨན་པའི་རྒན་གསོ་དང་སྨན་བཅོས་འགན་སྲུང་གི་གནད་དོན་རིགས་དབྱེ་ཐག་གཅོད་བྱེད་དགོས།

    གྲོང་གསེབ་ས་ཁུལ་གྱི་སྨན་བཅོས་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། སྨན་བཅོས་འགན་སྲུང་གི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་གྱི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱེད་དགོས།

    གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པའི་ཐད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་ལྟ་སྐུལ་སློབ་སྟོན་ནན་པོ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མི་སྣར་བརྩི་འཇོག་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་སེམས་ཁུར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།