དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྙན་རོང་གནའ་ལམ་ནས་ལོ་རྒྱུས་ཀྱི་དྲན་ཤེས་ལྷམ་མེར་གསལ་བའི་ཤག་ལ་རྩེ་དཀར་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-15

    གདང་ལའི་རི་རྒྱུད་ནས་ལ་ཉག་ཏུ་སྐྱོད་སའི་མཚོན་རྟགས་རེ་རེ་འཚོལ་སྐབས། དུས་ཀྱི་འགྱུར་ལྡོག་དང་གནའ་ལམ་དེའི་ཐོག་ཏུ་སྐྱོད་མཁན་གྱི་སྔ་མོའི་མི་རྣམས་ང་ཚོ་དང་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་ཟིན་པ་དང་གནའ་ལམ་ཐོག་སྔར་སོང་གི་རྐང་རྗེས་སྔ་ས་ནས་རྡོ་ཕུང་དུ་གྱུར་ཏེ་ལ་ཁ་རུ་ཀྲོང་ངེར་འགྱིངས་ནས་གནའ་ལམ་གྱི་འགྲམ་དུ་ལྷིང་འཇགས་ངང་གནས།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སྙན་རོང་གྲོང་རྡལ་འགྲམ་གྱི་ཤག་ལ་རྩེ་དཀར་པོའི་ཉག་ག་ནི་བྱང་ཐང་གནའ་ལམ་དུ་ཡོད་པའི་ལབ་རྩེའི་མཛེས་ལྗོངས་མང་ཤོས་ཀྱི་ལམ་དུམ་ཞིག་རེད། རྩྭ་ཐང་སྟེང་གི་གནའ་ལམ་དུ་མ་གཞི་མཁར་གྲོང་དང་། ས་ཚུགས། རྡོ་རིང་སོགས་ཀྱི་རྗེས་ཤུལ་མཐོང་དཀོན་ནའང་ལོ་ངོ་བརྒྱ་སྟོང་མང་པོའི་རིང་སྙན་རོང་གནའ་ལམ་ཐོག་འགྲུལ་བཞུད་བྱེད་མཁན་དྲེལ་པ་དང་གནས་སྐོར་བ་ཧ་ཅང་མང་བས། ཁོང་ཚོས་ལབ་རྩེ་གསོལ་བ་དེ་ཉིད་བྱང་ཐང་གནའ་ལམ་སྟེང་གི་རིག་གནས་མཛེས་ལྗོངས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

    སྙན་རོང་རྫོང་ནི་གདང་ལའི་རི་རྒྱུད་ཀྱི་ལྟེ་བར་ཆགས་ཤིང་། ཁྲ་བོ་ལ་དང་ཁང་སྒལ་ལ་སོགས་ཉག་ག་བརྒྱུད་པའི་བགྲོད་ལམ་གཙོ་བོ་དག་གནས་ཡོད། དེ་ནི་གོར་མོ་དང་། ཟི་ལིང་། ཡུལ་ཤུལ་སོགས་ཡུལ་ཕྱོགས་གསུམ་གྱི་གནའ་བོའི་འགྲིམ་འགྲུལ་གྱི་ལམ་མདོར་གྱུར་ནས་གདང་ལའི་རི་རྒྱུད་ཀྱི་གནའ་ལམ་མང་པོའི་ཁྲོད་དུ་ལོ་རྒྱུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད་ལ། མཚོ་བོད་ས་མཐོའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་དུ་ལོ་རྒྱུས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

    སྙན་རོང་གནའ་ལམ་གྱི་ལོ་ཟླའི་འཁོར་འགྲོས་སྙེགས་ཏེ་ང་ཚོ་ཤག་ལ་རྩེ་དཀར་པོའི་ཉག་གར་འབྱོར་ཞིང་། དེ་ནས་གནའ་ལམ་འདིའི་ལོ་རྒྱུས་ཀྱི་ཉམས་སྣང་ལྷང་ངེར་ཚོར་ཐུབ།

    “ལམ་བུ་འདི་ནི་སྔོན་མ་མཚོ་བོད་དབར་གྱི་ལམ་ཆེན་ཞིག་ཡིན་པས། འགྲོ་འོང་བྱེད་མཁན་དྲེལ་པ་ཧ་ཅང་མང་པོ་ཡོད”ཅེས་སྙན་རོང་གྲོང་རྡལ་གྱི་ལས་བྱེད་པ་རྒན་གྲས་ཁྱུང་འབྲུག་འགྲོ་ཞོར་དུ་གནའ་ལམ་གྱི་གཏམ་རྒྱུད་གླེང་ལ། ཁོང་ལོ་67ལ་སླེབས་ཀྱང་རི་འཛེག་སྐབས་དཀའ་ལས་ཁག་པའི་སྣང་བ་ཡེ་ནས་མི་འདུག

    ཁྲ་རོང་གྲོང་ཚོ་ནས་རི་འཛེགས་ཏེ་བསྐྱོད་ཚེ། དེ་མིག་མདུན་ནས་ཤག་ལ་རྩེ་དཀར་པོའི་ཉག་གའི་ཕྱོགས་སུ་བསྲིངས་པའི་གནའ་ལམ་དེ་གསལ་ལྷང་ངེར་མཐོང་ཐུབ། ཧ་ལམ་སྤྱི་ལེ་1.5ཙམ་བསྐྱོད་དེ་རི་མགོ་གཉིས་ཙམ་བརྒལ་ཚེ་རི་རྩེར་སླེབས་ཐུབ།

    ལོ་རྒྱུས་ཐོག་འཁོད་པ་ལྟར་ན། ཚྭ་འདམ་དང་། ཟི་ལིང་། ཡུལ་ཤུལ་བཅས་ནས་བོད་དུ་ཡོང་སའི་ཚོང་དོན་དང་དམག་རྟའི་ལམ་ཁ་ཆེན་པོ་གསུམ་གྱི་སྦྲེལ་ས་སྙན་རོང་ཡིན་ལ། གནའ་ལམ་གཙོ་བོ་སྦྲེལ་ས་ཡིན་པའི་སྟབས་ཀྱིས་སྙན་རོང་འདི་ཉིད་མིང་དོན་མཚུངས་པའི“གནའ་ལམ་གཙོ་བའི་ལམ་རྒྱུད”དུ་གྱུར་ཡོད། འུན་ཤིང་ཀོང་ཇོ་བོད་དུ་ཕེབས་པའི་གཏམ་རྒྱུད་གྲགས་ས་དང་། སོག་པོའི་ཚོ་པའི་གནས་བཅའ་ས། དྲེལ་པ་ཁག་གི་འགྲོ་འོང་བྱེད་ས་བཅས་ནས་པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིང་དུ་ཕེབས་ལམ་དང་དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་གིས་གདང་ལ་བརྒལ་ནས་བྱང་ཐང་དུ་ཡོང་ས་ལ་སོགས། སྙན་རོང་གནའ་ལམ་འདི་ཉིད་དངོས་གནས“མཚོ་བོད་ལྷན་སྦྲེལ་ལམ་ཆེན”ཞིག་ཡིན་ལ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་སྙན་འཇེབས་ཡི་གར་འོང་བའི་རོལ་དབྱངས་སྣ་ཚོགས་དཀྲོལ་ཏེ་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ལ་བཅོས་སྐྱོང་ནུས་ལྡན་བྱས་པའི་བདེན་དཔང་དུ་གྱུར་ཅིང་། མི་དམངས་བཅིངས་འགྲོལ་དམག་བོད་དུ་སྐྱོད་པའི་དཔའ་བོའི་ཤུལ་རྗེས་ཀྱང་གསལ་ལེར་བཞག་ཡོད།

    གསར་འགོད་པས་བྱང་ཐང་དུ་དེ་སྔ་ཆེད་མངགས་གནའ་ལམ་གྱི་ལོ་རྒྱུས་ལ་རྟོག་ཞིབ་བྱེད་མྱོང་ཡོད། ཤག་ལ་རྩེ་དཀར་པོའི་ཉག་གའི་གནའ་ལམ་གྱི་དུམ་བུ་དེ་ནི་ད་བར་མཐོང་མྱོང་བའི་ལབ་རྩེ་མང་ཤོས་ཀྱི་ཉག་ག་ཞིག་རེད་འདུག་པས། མཚོ་བོད་གནའ་ལམ་ཐོག་གི་ལབ་རྩེ་མང་ཤོས་ཀྱི་ས་ཆ་ཞིག་རེད་འདུག་ཅེས་དབང་མེད་དུ་བརྗོད་པར་ཐལ་སོང་།

    དེ་ལྟར་ཡིན་དོན་གང་ཡིན་ཞེ་ན། ང་ཚོས་ཚོད་དཔག་བྱས་པ་ལྟར་ན། ཤག་ལ་རྩེ་དཀར་པོའི་ཉག་ག་ནི་སྙན་རོང་གི་གནའ་ལམ་ཁག་འདི་གར་གཅིག་ཏུ་སྦྲེལ་རྗེས་ཀྱི་ཉག་ག་དང་པོ་དེ་ཡིན་ལ། གདང་ལའི་རི་ཁུལ་བརྒལ་ནས་བོད་ཀྱི་ལྟེ་བར་བསྐྱོད་སའི་ལམ་བུ་གསར་པའི་ཐོག་གི་ཉག་ག་དང་པོ་དེའང་ཡིན་པས། འགྲོ་འོང་བྱེད་མཁན་དྲེལ་པ་ཁག་གིས་ཉག་ག་དེ་གསོལ་ནས་ལབ་རྩེ་མང་པོ་བརྩིགས་པའི་རྗེས་ཤུལ་ཡིན་པ་འདྲ།

    དེ་ནས་ཉག་ག་འདིའི་རྡོ་ཕུང་རེ་རེ་ལ་ལྟ་སྐབས། དེ་དག་ནི་རི་ཐང་གི་དབེན་གནས་ཤིག་ཏུ་སྒྱུ་རྩལ་གྱི་མཛེས་པ་དང་བློ་རིག་གི་གསར་གཏོད་དཀོན་པའི་སྟབས་ཀྱིས་བཟོ་ལྟ་མི་ལེགས་ཤིང་ལྟ་སྣང་དོད་པོ་དེ་ཙམ་མེད་པ་ཞིག་ཏུ་སྣང་ཡང་། ཏག་ཏག་དེའི་རྐྱེན་གྱིས་ཁུ་སིམ་ལ་དབེན་འཇགས་གིར་སྔོན་མ་ལྟར་རང་འཇགས་སུ་གནས་ཏེ་གནའ་ལམ་ཐོག་གི་སྔར་སོང་གི་འདུ་འཛི་དང་དར་རྒྱས་ལ་བདེན་དཔང་བྱེད་པ་དང་གཉིས་སུ་མ་མཆིས།

    “ལབ་རྩེ”ནི་ཉག་གའི་མཐོ་ཚད་དང་། གནའ་ལམ་གྱི་ཟབ་ཚད་རེད་ལ། ལོ་རྒྱུས་ཀྱི་དྲོད་འཁོལ་སའང་དེ་བས་རེད། འདི་གར་ཡོད་པའི་རྡོ་ཧྲུག་རེ་རེ་ནི་སྔོན་མ་གནའ་ལམ་འདི་ནས་ལ་ཀླུང་བརྒལ་ཏེ་ལམ་བར་གྱི་དཀའ་སྡུག་ལ་མི་འཛེམས་པར་ཀླུང་ཐང་ཡངས་མོ་གདན་ལ་བཏིངས། རྡོ་གྲང་མོ་སྔས་སུ་བྱེད་མཁན་འགྲོ་འོང་བྱེད་མི་ཀུན་དང་མཚུངས། དེ་ལས་གལ་ཆེ་བ་ཞིག་ལ་འདི་གའི་ཉག་ག་ནི་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་བྱེད་པའི་བགྲོད་ལམ་ཞིག་ཡིན་པས་ལོ་རྒྱུས་ཀྱི་དྲན་ཤེས་མང་དག་ཅིག་གསལ་ལྷང་ངེར་ཉར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།