ལས་གཏོད་ཕོད་པའི་འབྲོག་པ་མང་ཚོགས།
—— ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི“གྲོང་གསེབ་དར་རྒྱས། ནག་ཆུས་མདུན་སྐྱོད”ཅེས་པའི་བྱེད་སྒོའི་སྐོར་གྱི་མཐོང་ཐོས།
ཉེ་ཆར། གསར་འགོད་པས་མཚོ་གཉིས་རྫོང་དུ“གྲོང་གསེབ་དར་རྒྱས། ནག་ཆུས་མདུན་སྐྱོད”ཅེས་པའི་བྱེད་སྒོར་བཅར་འདྲི་བྱེད་སྐབས། ཧང་སངས་པ་དང་ཡ་མཚན་སྐྱེ་དགོས་པའི་ཐོན་རྫས་གསར་པ་སྟེ། འབྲོང་གི་ལྕི་བའི་སྤོས་མཐོང་བ་དེ་རེད།
“འབྲོང་གིས་ཟོས་པ་ནི་རང་བྱུང་གི་སྨན་རྩྭ་ཤ་སྟག་དང་འཐུང་བ་ནི་གངས་ཆུ་ཡིན་པས་ལྕི་བར་ཡང་སྨན་སྤྱོད་ཀྱི་རིན་ཐང་ངེས་ཅན་ལྡན་ཡོད”ཅེས་བཀྲ་ཕུན་གྱིས་བཤད། མཚོ་གཉིས་རྫོང་བར་གླིང་ཤང་ནས་ཡིན་པའི་བཀྲ་ཕུན་གྱིས་2016ལོར་སློབ་ཆེན་མཐར་ཕྱིན་རྗེས་བར་གླིང་ཤང་ནོར་མཚོ་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་ནས་གསར་སྤེལ་བྱས་པའི་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཡོད་ཅིང་། དེའི་ནང་ནས“བྱང་ཐང་འབྲོག་པ”རྟགས་ཅན་གྱི་འབྲོང་གི་ལྕི་བའི་སྤོས་ནི་ཀུང་སི་དེའི་ཁྱད་ལྡན་ཐོན་རྫས་གྲས་ཤིག་རེད། བཀྲ་ཕུན་གྱིས“ང་ཚོ་མཚོ་གཉིས་ནི་འབྲོང་གི་ཕ་ས་ཡིན་པས་འབྲོང་གི་ལྕི་བ་རྙེད་སླ”ཞེས་བཤད།
འབྲོང་གི་ལྕི་བར་ལས་སྣོན་ཐད་ལས་རིམ་མང་པོ་བརྒྱུད་ནས་བསྡུར་ཚད་ངེས་ཅན་གྱི་བོད་སྨན་སྨན་རྒྱུ་བསྲེས་རྗེས་མཐར་དམིགས་བསལ་་སྤོས་ཀྱི་ཐོན་རྫས་ཤིག་ཐོན་གྱི་ཡོད།
འབྲོང་གི་ལྕི་བའི་སྤོས་བཏོན་ཚུན་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ནས་འདི་ལོའི་ལོ་སྟོད་ཁོ་ནར་ཁུག་མ་1000ལྷག་ཙམ་བྲིན་ཡོད་པ་རེད། བཀྲ་ཕུན་གྱིས“ལས་གཏོད་ཀྱི་བརྒྱུད་རིམ་ནང་སློབ་ཆེན་གྱི་ཤེས་བྱ་སྦྱངས་པ་གོ་ཆོད་བྱུང་། རིམ་ཁག་སྲིད་གཞུང་གིས་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་གོ་ཆོད་པའི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ལས་གཏོད་པར་འཇོན་ཐང་ངོམ་ས་རྒྱ་ཆེན་པོ་ཞིག་བསྐྲུན་ཡོད”ཅེས་བཤད།
བཀྲ་ཕུན་གྱི་ཐོན་རྫས་ཕྱིར་ཚོང་ལས་སྟེགས་ཁ་སྤྲོད་ནི་མཚོ་གཉིས་རྫོང་གི“གྲོང་གསེབ་དར་རྒྱས། ནག་ཆུས་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཡིན་ཞིང་། གྲོང་ཚོ་ཁག་ནས་ཡོང་བའི་འབྲོག་པ་མང་ཚོགས་ཀྱིས་བླུག་འཁོར་བཀོལ་སྤྱོད་དང་། མགྲོན་ཁང་གི་ཞབས་ཞུ། མ་བྱན་གྱི་ལག་རྩལ། ཨར་སྐྲུན་གྱི་རྩལ་ནུས། ཀོ་ཆས་བཟོ་རྩལ། དཀར་ཆུའི་ཐོན་རྫས་ལས་སྣོན་སོགས་ཀྱི་འགྲན་བསྡུར་བྱེད་བཞིན་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། མང་ཚོགས་ཀྱིས་ནུས་རྩལ་ཡག་ཤོས་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་འགྲན་བསྡུར་སྣ་ཚོགས་ཁྲོད་ནུས་རྩལ་ངོམ་ཞིང་། བྱང་ཆ་ལྡན་པའི་བཀོལ་སྤྱོད་དང་ངོ་མཚར་ཆེ་བའི་ལག་རྩལ་ལས་འབྲོག་པར་བཟུང་བའི་སྔོན་དུས་ཀྱི་བག་ཆགས་ཡོངས་སུ་བསལ་ཞིང་། རྒྱུན་གཏན་གྱི་ནུས་རྩལ་དེ་དག་ཀྱང་བཀྲག་མདངས་འཚེར་ས་གསར་པར་གྱུར་ནས་འབྲོག་ར་ནས་དོན་ཏེ་ཁྲོམ་རར་སྐྱོད་འགོ་ཚུགས།
བུ་རོགས་གངས་རི་འབྲོག་ལས་འཕེལ་རྒྱས་ཀུང་སི་ནི་མཚོ་གཉིས་རྫོང་དཀར་མཚོ་ཤང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱིས་ཐོ་འགོད་བྱས་ནས་བཙུགས་པ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ཀུང་སི་དེས་ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་གསར་སྤེལ་དང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པར་ཕན་འབྲས་ཅུང་ལེགས་པོ་ཐོན་ཏེ་ལོ་ལྟར་མང་ཚོགས་ལ་ཁེ་སྤོགས་ཁྲི་200ལྷག་ཙམ་བགོ་ཡི་ཡོད་པ་རེད།
དཀར་མཚོ་ཤང་ནི་མཚོ་གཉིས་རྫོང་འབྲོག་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔེ་སྟོན་ཡིན་པ་དང་ད་བར་མཉམ་སྡེབ་དཔལ་འབྱོར་སོར་འཇོག་བྱས་ཡོད་པ་མ་ཟད། ད་དུང་གཞན་གྱི་སྔོན་ལ་འབྲོག་ལས་འཕེལ་རྒྱས་ཀུང་སི་བཙུགས་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་གི་ཡོད།
མཚོ་གཉིས་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ཚེ་རིང་རྡོ་རྗེས། “གྲོང་གསེབ་དར་རྒྱས། ནག་ཆུས་མདུན་སྐྱོད”ཅེས་པའི་བྱེད་སྒོས་ཞིང་འབྲོག་ཁུལ་གྱི་འཇོན་ཐང་ཅན་དང་ལག་ཤེས་པ་སྔོག་འཚོལ་གང་ལེགས་དང་སྲོལ་རྒྱུན་འབྲོག་ལས་ཀྱི་རྩལ་ནུས་དར་སྤེལ་དང་རྒྱུན་འཛིན་བྱས་པས། ཚང་མའི་སེམས་ཤུགས་འཕེལ་བ་དང་མང་ཚོགས་ཀྱི་འཇོན་ཐང་ཡང་སྔོག་འདོན་ཐུབ་པ་མ་ཟད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་ཀྱང་སྔར་བས་འཕེལ་ནས“བསྡུར་སློབ་སྙེག་བརྒལ་བཞི”ཡི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། ཇ་ཁང་འཛུགས་པ་དང་། ཀུང་སི་གཉེར་བ། ཞོར་ལས་གཉེར་བ་སོགས་མཚོ་གཉིས་ཀྱི་འབྲོག་པ་མང་ཚོགས་དང་སློབ་ཆེན་སློབ་ཐོན་སློབ་མ་འབོར་ཆེན་ཞིག་རྩལ་ནུས་དང་འཇོན་ཐང་ལ་བརྟེན་ནས་ལས་གཏོད་ལས་ཞུགས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།