བོད་ཀྱིས་རྒྱུན་མཐུད་ངང་ཐོན་ལས་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་བཅས་བྱེད་པ།
ལག་གདང་སྦྲེལ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན། ཞུས་ཡུས་ཡའོ། ཆུང་བདག་སྒྲོལ་དཀར།
གསར་དུ་ཨར་འདམ་བཏིང་པའི་གྲོང་གསེབ་ཀྱི་རྐང་ལམ་དུ་སྐྱོད་སྐབས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས་གསར་འགོད་པར་ཀ་ལ་གྲོང་ཚོའི་ཡོང་འབབ་བྱུང་ཚུལ་བརྗོད་པ་སྟེ། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ནས་ལོ་ལྟར་གྲོང་ཚོ་ཡོངས་ལ་ཡོང་འབབ་སྒོར་ཁྲི་གསུམ་བརྒྱ་བཞི་བརྒྱ་རག་གི་ཡོད་པ་དང་། རྐོ་འདྲུའི་འཕྲུལ་འཁོར་ནས་ཁྱིམ་ཚང་རེར་དངུལ་མི་ཉུང་བ་ཞིག་ལེན་རྒྱུ་ཡོད་པ། གྲོང་ཚོ་ཡོངས་ཀྱིས་མ་དངུལ་བསྡུས་ནས་བསྐྲུན་པའི་ཤིང་འབྲས་ལྡུམ་ར་ནས་ཀྱང་ཡོང་འབབ་ཧ་ཅང་ཡག་པོ་རག་གི་ཡོད……ཉི་མ་རྡོ་རྗེས“ང་ཚོའི་གྲོང་ཚོ་ཡུལ་སྐོར་ལ་བརྟེན་ནས་དར་རྒྱས་བྱུང་བ་དང་གྲོང་ཚོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་རེད”ཅེས་མྱོང་ཚོར་ཟབ་མོས་བཤད།
གངས་ལྗོངས་ས་མཐོའི་ས་ཕྱོགས་ཁག་དང་ལས་རིགས་ཁག་ཏུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷུག་པོར་བཞད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བཞིན་ཡོད།
མཐུན་སྒྲིལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚེ་མཆོག་གླིང་གྲོང་ཚོ་ནི་ཕོ་བྲང་པོ་ཏ་ལའི་ཁ་སྤྲོད་དུ་ཆགས་ཡོད། ས་སྲོད་ཀྱི་ཆུ་ཚོད་7པ་ཙམ་ལ་དེ་གར་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་མ་བྱས་གོང་། ཡུལ་སྐོར་བ་བརྒྱ་ཕྲག་ཁ་ཤས་དང་ས་གནས་དེ་གའི་མང་ཚོགས་ཀྱིས་ཟློས་གར་ཁང་ཕྱི་རོལ་གྱི་ཚོང་ཁྲོམ་ཐང་ཆེན་དུ་ལག་གདང་སྦྲེལ་ནས་དགའ་སྤྲོའི་ངང་སྒོར་གཞས་འཁྲབ་བཞིན་ཡོད།
ལྷ་སའི་རང་བྱུང་གི་རི་ཆུ་རྒྱབ་ལྗོངས་སུ་བྱས་ནས་འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོ་རྣམ་གཉིས་ཀྱི་གཉེན་སྒྲིག་ལོ་རྒྱུས་ཀྱི་རྣམ་པ་གསོན་ཉམས་དོད་པོས་བསྐྱར་དུ་འཁྲབ་པས་ཡུལ་སྐོར་བས་ལྟ་མང་ཤོས་ཀྱི་ལེ་ཚན་ཞིག་ཏུ་གྱུར་ཡོད། “ང་འདི་གའི་རྣམ་པར་ཧ་ཅང་དགའ་པོ་ཡོད། འུན་ཤིང་ཀོང་ཇོའི་གཏམ་རྒྱུད་ལས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཅང་སུའུ་ནས་ཡོང་བའི་ཡུལ་སྐོར་བ་མཁྱེན་ལྡན་མ་ལི་ལགས་ཀྱིས་བཤད།
“《འུན་ཤིང་ཀོང་ཇོ》བརྒྱུད་ཡུལ་སྐོར་བ་ཚོས་བོད་ཀྱི་གོམས་སྲོལ་ཤེས་རྟོགས་བྱུང་བ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཀྱང་ས་གནས་ཁག་གི་ཡུལ་སྐོར་བ་ཚོས་བོད་ལ་བཅངས་པའི་སྤྲོ་སེམས་ཚོར་གྱི་ཡོད། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད”ཅེས་ཚེ་མཆོག་གླིང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཇིགས་མེད་ལྷ་མོས་བཤད།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཡངས་རི་སྒང་གྲོང་ཚོའི་ཡུལ་སྐོར་ས་ཚིགས་སུ་ཕོ་གཞོན་བསྟན་འཛིན་བློ་གསལ་གྱིས་ལྟ་སྐོར་ལ་ཡོང་བའི་ཡུལ་སྐོར་བར་དག་པའི་རྫ་ཆས་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱེད་བཞིན་ཡོད། 2019ལོར་བསྟན་འཛིན་བློ་གསལ་སློབ་ཆེན་ཐོན་རྗེས་ཅང་སུའུ་ནན་ཐུང་དུ་ལོ་གཅིག་ལྷག་ཙམ་ལས་ཀ་བྱས་རྗེས་ནན་ཅིང་གི་བོད་སྐྱོར་རྣམ་གྲངས་མལ་གྲོ་གུང་དཀར་རྫོང་གི“སྐལ་བཟང་མེ་ཏོག་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་སར”ཞུགས་ཏེ་ནན་ཅིང་དུ་གསོ་སྦྱོང་དང་ལེན་བྱས་པ་མ་ཟད། ཁེ་ལས་སུ་ལོ་གཅིག་ལྷག་ཙམ་དངོས་སྦྱོང་བྱས་ནས་ཉམས་མྱོང་བསགས་ཡོད།
མལ་གྲོ་གུང་དཀར་རྫོང་གི་ན་གཞོན་མི་ཉུང་བ་ཞིག་ནན་ཅིང་གི་བོད་སྐྱོར་རྣམ་གྲངས་ཀྱི་རོགས་རམ་འོག་ཤེས་ལྡན་པར་གྱུར་ཡོད། ན་ནིང་ལོ་མཇུག་བར་ཁྱོན་མི་121གིས་གསོ་སྦྱོང་དང་ལེན་བྱས་པ་ལས་ལ་ལས་རང་རྟེན་ལས་གཏོད་དང་ལ་ལས་ལས་ཞུགས་གདམ་ག་བྱས་ནས་ལས་ཞུགས་ཐུབ་ཚད་100%ཟིན་ཡོད།
བློ་གཅིག་སེམས་གཅིག་གིས་དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ།
“ང་ཚོའི་སྙིང་ནད་ཚན་ཁག་གིས་ད་ཆ་ནད་གཞི་ཚབས་ཆེན་བོད་ནས་སྨན་བཅོས་ཐུབ་པའི་འགན་ལེན་བྱེད་ཐུབ་ཀྱི་ཡོད”ཅེས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”ཁག་དགུ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་པེ་ཅིང་ཧྥུའུ་ཝེ་སྨན་ཁང་གི་སྨན་པ་ཀྲའོ་ཅེས་བཤད།
ལོ་གཅིག་གི་གོང་བོད་དུ་ལས་ཀ་བྱེད་པར་སླེབས་མ་ཐག་ཀྲའོ་ཅེ་ཡིས་ལོ་30ལྷག་ཙམ་ལ་སླེབས་པའི་ཐོལ་བྱུང་སྙིང་ནད་ཕོག་པའི་ནད་པ་ཞིག་ལ་སྨན་བཅོས་བྱས་པ་རེད། ཀྲའོ་ཅེས་ཚང་མའི་སྣེ་ཁྲིད་དེ་ནད་པའི་གློ་སྙིང་སླར་གསོ་བྱས་ནས་དོས་དྲག་འཕར་རྩའི་གཤགས་བཅོས་བྱས་མཐར་མི་དེ་སྐྱོབ་ཐུབ་པ་བྱུང་ཡོད།
ཀྲའོ་ཅེས“ཐོལ་བྱུང་སྙིང་ནད་ཕོག་པའི་ནད་པར་ངེས་པར་དུ་ལམ་སེང་གཤགས་བཅོས་བྱེད་དགོས། ཇི་ཙམ་མགྱོགས་ན་དེ་ཙམ་གྱིས་ཡག་པ་ཡོད། ངས་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་ལག་རྩལ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསླབས་ནས་ནད་གཞི་ཚབས་ཆེན་བོད་ནས་སྨན་བཅོས་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།
ལོ་གཅིག་ནང་ཀྲའོ་ཅེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་གཤགས་བཅོས་400ཙམ་ལེགས་སྒྲུབ་བྱས་པར་དོས་དྲག་གཤགས་བཅོས་120ལྷག་ཙམ་ཚུད་ཡོད། ངག་སློབ་དཔེ་སྟོན་ཡང་ཡང་བྱས་པས་རོགས་སྐྱོར་བྱེད་སའི་སྨན་ཁང་གི་སྙིང་ནད་ཚན་ཁག་གི་ནད་ཐོག་ལག་ལེན་དང་འཕར་རྩའི་གཤགས་བཅོས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཀྲའོ་ཅེ་ཡིས“ད་ཆ་ས་གནས་དེ་གའི་སྨན་པ་གསུམ་གྱིས་རང་རྐྱ་འཕེར་པོས་རྙོག་འཛིང་ཆེ་བའི་འཕར་རྩའི་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད”ཅེས་བརྗོད།
རྫོང་གྲོང་དང་ཐག་ཉེ་བའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་གྲོང་མིའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། གྲོང་མིའི་ཁྱིམ་དུ་རིག་ནུས་སྒྲིག་ཆས་གང་སར་མཐོང་རྒྱུ་ཡོད་པ་དང་། མིའི་འགྲོ་ལམ་མ་ལག་དང་། རླངས་འཁོར་འཇོག་སའི་དོ་དམ་མ་ལག རྒན་གསོའི་དོ་དམ་ལས་སྟེགས། དྲོད་མཁོ་འདོན་མ་ལག་སོགས་ཁྱོན་རིག་ནུས་སྒྲིག་བཀོད་མ་ལག་11སྡེ་ཁུལ་དུ་ཁྱབ་ནས་རིག་ནུས་ཅན་གྱི་དོ་དམ་མངོན་འགྱུར་ཐུབ་སྟེ་སྡེ་ཁུལ་གྱི་འཚོ་བ་དེ་བས་བདེ་འཇགས་དང་། སྟབས་བདེ་བ། འབྱུང་འཕྲོད་བཅས་བྱུང་ཡོད།
“ང་ཚོའི་གྲོང་ཚོའི་དུད་ཚང་37གྱི་གྲོང་མི་143ཚང་མ་ཁང་པ་གསར་པར་སྤོས་ཡོད། ཧྲང་ཧའེ་ཡིས་ང་ཚོར་ཁྱིམ་གཞིས་གསར་པ་བསྐྲུན་པ་མ་ཟད། ད་དུང་རིགས་ཁག་གི་སྒྲིག་ཆས་ཀྱང་ལེགས་སུ་བཏང་བས་ང་ཚོའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་སོང”ཞེས་འཇིགས་སྐྱོབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་རྒྱ་མཚོས་བཤད།
རི་སྔོན་ཆུ་དྭངས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་པ།
འབྲི་ཆུའི་ཆུ་འགོའི་གྲས་ཤིག་ཡིན་པའི་སྤྱང་རྒན་སྡེ་རུ་འཁྱགས་རོམ་དུ་བསྐྱོད་སྐབས་ཀྱི་གནས་ཚུལ་དག་བོད་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དབྱེ་ཞིབ་ཚད་ལེན་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་སྒྲོལ་དཀར་གྱིས་ད་བར་གསལ་ཐིང་ངེར་ངེས་ཡོད།
ས་བབ་སྨི་5400ཡོད་པའི་མི་མེད་ཁུལ་གྱི་མཐིལ་དུ་དབྱང་རླུང་འདུས་ཚད་ནི་ནང་སའི་བཅུ་ཆ་བཞི་ལྔ་ལས་ཟིན་གྱི་མེད་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ལས་དམའ་བ་ཡོད་ལ། དབྱང་རླུང་མི་འདང་བ་དང་། མཐོ་གྲང་། སྐམ་ཤས་ཆེ་བ། གངས་རླུང་སོགས་ཚང་མས་ལྟ་ཞིབ་ཚད་ལེན་བརྟག་དཔྱད་ཚོགས་ཆུང་གི་རུ་མི་ཚོའི་ལུས་སེམས་བདེ་ཐང་ལ་འགྲན་སློང་ཆེན་པོ་བཟོ་གི་ཡོད།
ཉིན་ལྟར་ཞོགས་པ་རུ་མི་ཚོས་མཉམ་དུ་ཉིན་དེའི་བགྲོད་ལམ་ལ་གྲོས་བསྡུར་བྱས་རྗེས་དཔེ་དབྱིབས་འཚོལ་བསྡུ་བྱེད་པར་འགྲོ་གི་ཡོད་པས་ལས་བྲེལ་ཧ་ཅང་ཆེན་པོ་ཡོད། “མི་ཚང་མར་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད་པ་ནི་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པས། ང་ཚོས་དཔེ་ལེན་དང་ཞིབ་འཇུག་ཡག་པོ་བྱས་ཏེ་ང་ཚོའི་མ་ཡུམ་ཆུ་བོར་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ཡིན”ཞེས་བོད་ལྗོངས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ཅཱ་ཞའོ་ཧྭ་ཡིས་བཤད།
2021ལོ་ནས་བཟུང་། བོད་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་ནས་ལོ་10ཡི་རིང་ནགས་ཚལ་མུའུ་ཁྲི་206.72ལེགས་སྒྲུབ་བྱས་ཏེ་ལྷ་ས་འདི་ཉིད་སྐྱེ་ཁམས་གནས་འཕྲོད་ཀྱི་ས་མཐོའི་གྲོང་ཁྱེར་ཞིག་ཏུ་འགྱུར་ཐུབ་པར་བྱ་རྩིས་ཡོད།
ཞོགས་པར་ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རའི་བྱང་འདབས་ཁུལ་དུ་བཟོ་པ་མི་འགྱུར་གྱིས་ལྕང་མའི་ཡལ་གར་ཡལ་བཞུར་རྒྱག་བཞིན་ཡོད་ཅིང་། ཁོང་གིས“འདི་ནི་ང་ཚོས་བཏབ་པའི་ཚོས་སེར་སྡོང་པོ་རེད། དེའི་མེ་ཏོག་སྙིང་རྗེ་ལ་དྲི་མའང་ཧ་ཅང་ཞིམ་པོ་ཡོད”ཅེས་བཤད། སྔོ་ཁེབས་འདེམས་པའི་ཐད་ལས་དོན་པས་བསམ་བློ་མང་པོ་བཏང་བ་སྟེ། རྒྱང་ཚོར་ལག་རྩལ་བརྒྱུད་ས་གནས་འདི་གའི་གནམ་གཤིས་དང་ས་རྒྱུ་སོགས་རང་བྱུང་ཆ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། སྐྱེ་འཚར་ལ་འཚམ་པའི་ཤིང་རིགས་དང་རྩྭ་རིགས་བདམས་ཡོད། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཝང་ཧྲང་ཏེ་ནི་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་གྲས་ཤིག་ཡིན་ཞིང་། ལྷ་སའི་ལྗོན་ཤིང་དག་སྐྱེ་འཚར་དེ་བས་ལེགས་པ་ཡོང་ཆེད་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པའི་ཁོང་གིས་ནགས་གསོའི་ལས་དོན་ཐད་ལག་རྩལ་དེ་བས་མང་བ་སྤྱད་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས་ལས་མངོན་པར། བོད་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་7.83དོན་འཁྱོལ་བྱས་ནས་སྐྱེ་ཁམས་སླར་གསོ་དང་སྦགས་བཙོག་བཅོས་སྐྱོང་རྣམ་གྲངས་34ལག་ལེན་བསྟར་སྟེ། ནགས་ཚལ་མུའུ་ཁྲི་120ལེགས་སྒྲུབ་བྱས་པ་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་614སླར་གསོ་བཅོས་སྐྱོང་བྱས་ཡོད།