སེའུ་ཤང་ད་ཆ་ཐག་རིང་པོ་མེད།
གནམ་ཐིབས་ཤིང་གྲང་རླུང་དྲག་པོའི་ཁྲོད་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཙམ་ཡོད་པའི་ཨ་མདོ་རྫོང་གྲོང་ནས་དོན་ཏེ་གདང་ལའི་རི་རྒྱུད་བརྒྱུད་ན་སེའུ་ཤང་དུ་སླེབས་ཀྱི་ཡོད།
སེའུ་ཤང་ཐག་རིང་པོ་ཡོད། རྫོང་གྲོང་དང་བར་ཐག་སྤྱི་ལེ་333ཙམ་ཡོད་ཅིང་། ས་རྡོའི་ལམ་ཁོ་ནར་སྤྱི་ལེ་200ཙམ་འགྲོ་དགོས་ཀྱི་ཡོད། བྲག་སྟེང་གི་གཉན་ཁྱུ་སྟེས་དབང་ངང་འཕྲད་པ་དང་གནས་སྤོ་བཞིན་པའི་གཙོད་ཁྱུ་ཡང་མཐོང་མང་བས་གདང་ལའི་རི་རྒྱུད་རྫོགས་ནའང་ཤང་སྲིད་གཞུང་གནས་ཡུལ་མིག་ལམ་དུ་མཐོང་བར་དཀའ། དེ་ནི་ཧ་ལམ་ནག་ཆུ་གྲོང་ཁྱེར་གྱི་རྫོང་གྲོང་དང་ཐག་རིང་ཤོས་ཀྱི་ཤང་ཞིག་རེད།
མི་རིག་རྒྱང་གྲམ་མཚོ་བསྒྲལ་ནས་ཉིན་དགུང་ཆུ་ཚོད་དང་པོ་ཙམ་ལ་བྱང་རྒྱུད་ཀྱི་རྩྭ་ཐང་དང་ནམ་མཁའ་གཉིས་སྦྲེལ་མཚམས་སུ་མཐོན་པོར་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ཞིག་མིག་ལམ་དུ་མངོན་ཡོང་། འཁྲིས་སུ་སླེབས་སྐབས་དེ་ག་ནི་ང་ཚོ་སྐྱོད་སའི་ས་ཆ་ཡིན་པ་གཞི་ནས་ཤེས་བྱུང་།
“སེའུ་ཤང་ཐག་རིང་བ་ལ་ཨང”སེའུ་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ལྷ་རྒྱལ་དང་ཤང་གི་ལས་བྱེད་པ་ཟླ་བ་མཐོང་མ་ཐག་གསར་འགོད་པར་ཚོར་སྣང་ཟབ་མོ་ཞིག་སྐྱེས་བྱུང་།
ལྷ་རྒྱལ་དང་ཟླ་བ་གཉིས་པོས་འཛུམ་དམུལ་དམུལ་ངང“འདི་གར་ཐག་རིང་པོ་མ་རེད། དཔའ་མོ་རྡོ་རྫོང་གྲོང་ཚོ་ནི་དེ་ལས་ཐག་རིང་བ་ཡོད”ཅེས་བཤད།
ཐག་རིང་ཤོས་ཀྱི་དཔའ་མོ་རྡོ་རྫོང་གྲོང་ཚོ་དེ་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་140ཡོད་པ་དང་། ཐག་རིང་ཤོས་ཀྱི་འབྲོག་དུད་སྐལ་གོའི་ཁྱིམ་དཔའ་མོ་རྡོ་རྫོང་གྲོང་ཚོ་དང་བར་ཐག་སྤྱི་ལེ་120ཆོད་ཡོད་པ་དང་ཐག་རིང་ཤོས་ཀྱི་བཞུས་ནག་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཚིགས་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་170ཡོད་པ་ལ་སོགས་ཨ་མདོའི་སེའུ་ཤང་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་གནས་ཡག་པོ་ཞིག་རེད་ཅེས་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད།
སེའུ་ཤང་ཐག་རིང་ཁར་འགྲོ་ལམ་བདེ་པོ་མེད་པའི་སྐོར་བརྗོད་སྐབས་ལྷ་རྒྱལ་གྱིས་དེ་མ་ཐག་ཉེ་དུས་ཐོན་པའི་གཏམ་རྒྱུད་ཅིག་བརྗོད།
གསར་འགོད་པ་བཅར་འདྲིར་མ་སླེབས་གོང་གི་ཉིན་དེར། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དཀོན་མཆོག་བསམ་གྲུབ་ལྷོ་ཁ་གྲོང་ཁྱེར་གྱི་སྲིན་བུ་རིའི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ས་ཚིགས་སུ་གནས་སྤོས་མང་ཚོགས་ལ་ལྟ་བར་སྐྱོད་པའི་ལམ་བར་དུ་རླངས་འཁོར་ལ་སྐྱོན་ཤོར་བ་རེད། མདུན་ཕྱོགས་སུ་ཤང་མཐོང་རྒྱུ་མེད་ལ་རྒྱབ་ཏུ་མང་ཚོགས་ཀྱི་སྡོད་ཁང་ཡང་མེད་པ་དང་ལམ་བར་དུ་བརྡ་རྟགས་ཡང་མེད་པར་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་བསྐྱོད་རྗེས། ཐག་ཉེ་ཤོས་ཀྱི་འབྲོག་དུད་ཅིག་རྙེད་ནས་ཕི་ཁ་རླངས་འཁོར་ཞིག་གཡར་ཏེ་ཤང་དུ་ལོག་ཐུབ་ཙམ་བྱུང་། སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་ཐོན་ཏེ་ཕྱི་དྲོའི་ཆུ་ཚོད་ལྔ་པར་གཞི་ནས་ཤང་དུ་སླེབས་པ་དང་ཆུ་ཚོད་དགུ་ཙམ་བསྐྱོད་ཀྱང་སེའུ་ཤང་ལ་འབྱོར་ཙམ་རེད། དེ་རྗེས་དཀོན་མཆོག་བསམ་གྲུབ་ཀྱིས་ལམ་རྒྱགས་བཟས་ནས་སླར་ཡང་རྡོག་ཐོན་བྱས་པ་དང་ཨ་མདོ་རྫོང་གྲོང་དུ་སླེབས་དུས་མཚན་དགུང་གི་ཆུ་ཚོད་གསུམ་པ་ཡིན་པ་རེད།
ཐག་རིང་དུ་སྐྱོད་སྐབས་ལམ་བར་དུ་ཐོན་པའི་དམིགས་བསལ་གྱི་གནས་ཚུལ་དག་སེའུ་ཤང་གི་ལས་བྱེད་པ་ཚོའི་ངོས་ནས་བཤད་ན་གོམས་གཤིས་སུ་གྱུར་ཡོད།
འོན་ཀྱང་དཀའ་ཚེགས་དེ་ལྟར་ཆེ་བའི་ཁོར་ཡུག་ནང་སེའུ་ཤང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཕྱིར་བཤོལ་གཏན་ནས་བྱས་མེད། ཚང་མས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ནས་མང་ཚོགས་གཉེན་ཉེར་བརྩིས་ཏེ་མང་ཚོགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ལ་དཀའ་ངལ་དང་གནད་དོན་དེ་བས་མང་བ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། ཤང་གི་ལས་བྱེད་པ་ཆོས་ལྡན་ཚེ་རིང་གིས་བརྗོད་པ་ལྟར“ང་ཚོས་མང་ཚོགས་གང་དུ་ཡོད་པ་དེ་གར་བརྟན་སྲུང་བྱེད་དགོས། གང་ཡིན་ཟེར་ན་འདི་གར་ང་ཚོའི་འགན་འཁྲི་གནས་ཡོད”ཆོས་ལྡན་ཚེ་རིང་འདི་ལོ་ལོ་32ལ་སླེབས་པ་དང་སེའུ་ཤང་དུ་ལས་ཀ་བྱས་ནས་ལོ་9སོང་ཡོད།
“གྲོང་ཚོའི་དུད་ཚང་འགན་གཙང་ལེན་མཁན་ཡོད་པ་དང་། མང་ཚོགས་ཀྱི་སྐད་ཆ་ཉན་མཁན་ཡོད་པ། མི་སེར་གྱི་བྱ་བར་དོ་དམ་བྱེད་མཁན་ཡོད་པ”བཅས་བྱ་ཆེད། ཉེ་བའི་ལོ་ཤས་རིང་ཨ་མདོ་རྫོང་གིས“གཞི་རིམ་དུ་སླེབས་པ་བཞིའི”ལས་ཀའི་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་ནས་ཏང་ཡོན་ལས་བྱེད་པས“གྲོང་ཚོ་འགན་གཙང་དང་དུད་སྦྲེལ”གྱི་སྤུས་རྟགས་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་དང་དམངས་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།
ཐག་རིང་ཤོས་ཀྱི་གྲོང་ཚོ་དང་འདྲ་བར་དཔའ་མོ་རྡོ་རྫོང་གྲོང་ཚོ་དེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པས་འགན་བླངས་ཡོད། “ཆུ་སྦུག་འགགས་པ་དང་གོས་འཁྲུད་འཕྲུལ་འཁོར་འཕྲོ་བརླག་ཐེབས་པ་ལ་སོགས་བྱ་བ་ཆེ་ཆུང་ཚང་མར་མང་ཚོགས་ལ་དགོས་མཁོ་ཡོད་ཚེ་ང་ཚོའི་ལས་བྱེད་པས་རོགས་པ་བྱེད་ཀྱི་ཡོད”ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཤིན་ཧུའུ་ནི་ཧུའུ་ནན་ནས་ཡིན་པ་དང་སེའུ་ཤང་དུ་ལས་ཀ་བྱས་ནས་ལོ་4སོང་བ་དང་ཨ་མདོ་རྫོང་དུ་ལས་ཀ་བྱས་ནས་ལོ་བཅུ་གཉིས་ལྷག་ཙམ་འགྲོ་ཡི་ཡོད།
ལི་ཤིན་ཧུའུ་ཟླ་རེར་རྡོ་དོན་གྱི་ཁྱིམ་དུ་ཡོང་ནས“གཉེན་ཉེར”ལྟ་དགོས་ཀྱི་ཡོད། “གཉེན་ཉེའི”ཁྱིམ་ཚང་ལ་དགོས་མཁོ་གང་ཡོད་ཚེ་ལི་ཤིན་ཧུའུ་ཡིས་རོགས་རམ་དང་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། ལས་ཀ་ཚར་རྗེས“གཉེན་ཉེར”ཧུའུ་ནན་གྱི་ཚལ་བཟོས་ནས་ཅི་འཕྲོས་མོལ་འཕྲོས་ཤོད་ཞོར་དུ་མང་ཚོགས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད། “གྲོང་ཚོ་འགན་གཙང་ལེན་པ་དང་དུད་སྦྲེལ”བྱས་པ་ལས་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་ཏང་ཡོན་ལས་བྱེད་པར་ཤོད་འདོད་ཆེ་རུ་འགྲོ་གི་ཡོད། ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཐུབ་པ་དང་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད།
ན་ནིང“གཉེན་ཉེ”རྡོ་དོན་སྟབས་མི་ལེགས་པར་གྲོངས་པ་དང་། ལི་ཤིན་ཧུའུ་ཡིས་ཁ་བཏགས་དང་། མར། དངུལ་བཅས་ཁྱེར་ནས་མྱ་ངན་ཞུས་ཡོད།
གླེང་མོལ་བྱས་པ་བརྒྱུད་གསར་འགོད་པས། སེའུ་ཤང་རྫོང་གྲོང་དང་ཐག་ཧ་ཅང་རིང་བ་དང་། གྲོང་ཚོ་ཤང་སྲིད་གཞུང་དང་ཐག་ཧ་ཅང་རིང་ན་ཡང་། ཏང་ཡོན་ལས་བྱེད་པས“གྲོང་ཚོ་འགན་གཙང་དང་དུད་སྦྲེལ”བྱས་པ་བརྒྱུད་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་དང་སྔར་བས་ཉེ་བར་གྱུར་བ་ཤེས་ཡོད་པ་རེད། ཨ་མདོ་རྫོང་གིས“གྲོང་ཚོ་འགན་གཙང་དང་དུད་སྦྲེལ”བྱས་པ་བརྒྱུད་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་སེམས་ཁྲལ་དང་དཀའ་ངལ་སྣ་ཚོགས་དུས་ཐོག་ཏུ་སེལ་རོགས་བྱས་ཤིང་། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་དཀའ་ངལ་སེལ་རོགས་ཐེངས་3600ལྷག་ཙམ་བྱས་ཡོད་པ་རེད།
ད་ཆ་ཨ་མདོའི་སེའུ་ཤང་ཐག་རིང་པོ་དེ་འདྲ་མེད། ལམ་ཐག་ཇི་ཙམ་རིང་ཡང་སེམས་དང་སེམས་པའི་བར་ཐག་ལ་ཉེ་རིང་དེ་བས་མེད།