དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རའོ་ཡུང་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-13

    ཚེས་10ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སི་ཁྲོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་དེ་སྔའི་སྐོར་ཞིབ་པ་གཞོན་པ་རའོ་ཡུང་གིས་ལྐོག་རྔན་ལེན་སྤྲོད་བྱས་པ་དང་། ཉེར་ཕྱོགས་གཡོ་ཟོལ་གྱིས་དཔྱ་ཁྲལ་མ་བསྡུས་པ་དང་ཁྲལ་ཉུང་བསྡུ་བྱས་པའི་དོགས་གཞི་ཡོད་པའི་གྱོད་གཞིར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་བྱེད་མཇུག་འགྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་སྦྱོར་བྱེད་པར་རྩིས་སྤྲད་ཡོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དོ་དམ་ཁོངས་གཏོགས་གཏན་འཁེལ་བྱས་པ་བརྒྱུད། མཚོ་ཤར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱས་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ནས་ཞུ་སྦྱོར་བྱེད་རིང་ཞུ་སྦྱོར་ཕྱི་མ་རའོ་ཡུང་ལ་ཁྲིམས་ལྟར་ཞུ་གཏུག་རྒྱག་པའི་དབང་ཆ་ཡོད་པ་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མར་ཁྲིམས་ལྟར་འདྲི་རྩད་བྱས་པ་དང་བཤེར་རྩོད་དག་འབུད་བྱེད་མཁན་གྱི་བསམ་འཆར་ཡང་ཉན་པ་རེད། མཚོ་ཤར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་དང་སྐྱོན་འདོན་ཞུ་གཏུག་བརྒྱབ་པ་སྟེ། ཞུ་སྦྱོར་ཕྱི་མ་རའོ་ཡུང་གིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་དང་ཟི་ལིང་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་གི་འགན་གཅིག་ལྕོགས་ཁུར་རིང་ཁྲིམས་འགལ་ངང་བདག་འཛིན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། གོ་གནས་ཀྱི་སྟབས་བདེར་བརྟེན་ནས་སྤྱི་པའི་རྒྱུ་ནོར་ཧམ་བཟུང་བྱས་པའི་གྲངས་འབོར་ཅུང་མང་བ་དང་། གོ་གནས་ཀྱི་སྟབས་བདེར་བརྟེན་ནས་གཞན་ལ་ཁེ་ཕན་གཉེར་བ་དང་མི་གཞན་གྱི་རྒྱུ་ནོར་ཁྲིམས་འགལ་ངང་བླངས་པའི་གྲངས་འབོར་ཧ་ཅང་མང་བ། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གི་འགན་འཁུར་རིང་ཉེར་ཕྱོགས་གཡོ་ཟོལ་གྱིས་དཔྱ་ཁྲལ་མ་བསྡུས་པ་དང་ཁྲལ་ཉུང་བསྡུ་བྱས་པ་ལས་རྒྱལ་ཁབ་ཀྱི་ཁྲལ་དོན་ལ་གྱོང་གུན་ཆེན་པོ་ཕོག་པར། ལྐོག་རྔན་ལེན་སྤྲོད་བྱས་པ་དང་ཉེར་ཕྱོགས་གཡོ་ཟོལ་གྱིས་དཔྱ་ཁྲལ་མ་བསྡུས་པ་དང་ཁྲལ་ཉུང་བསྡུ་བྱས་པའི་ནག་ཉེས་ལ་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།