ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།
“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཨ་སི་ཐ་ནའི་དབུ་ཚོགས་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཆེར་བཏང་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་གཏོད་མཁན་ཁོངས་མིའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ཁེར་གྷི་སི་ཐན་གྱིས་རྩ་འཛུགས་དེའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད། ཁེར་གྷི་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཀྲུང་གོ་སོགས་ཁོངས་མིའི་རྒྱལ་ཁབ་དང་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་ཧུར་ཐག་རྒྱག་གི་ཡོད། 2001ལོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས《འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་རྡུང་རྡེག་གཏོང་བའི་ཧྲང་ཧའེ་སྤྱི་ཆིངས》ལ་མཉམ་དུ་མིང་རྟགས་བཀོད་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཞུགས་པའི་མཉམ་ལས་དམ་ཟབ་བརྒྱུད་ཁེར་གྷི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་རྡུང་རྡེག་བཏང་བར་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་ལ། མདུན་ལམ་ཡང་ཡག་པོ་ཡོད། དྲ་ཐོག་ཚོང་དོན་དང་། མཐོ་གསར་ལག་རྩལ། ནུས་རྒྱུ། འགྲིམ་འགྲུལ། ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁོངས་མིའི་རྒྱལ་ཁབ་ཁག་གི་ཐུན་མོང་འབད་བརྩོན་བྱེད་ཕྱོགས་སུ་གྱུར་ཡོད། ཁོངས་མིའི་རྒྱལ་ཁབ་ཁག་གིས་ཕན་ཚན་དབར་གྱི་ཚོང་དོན་དང་རིག་གནས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁག་གི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དབར་གྱི་མཉམ་ལས་འཕེལ་རྒྱས་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།
ཀྲུང་གོ་ནི་ཁེར་གྷི་སི་ཐན་གྱི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་གྲས་དང་པོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལས་ཁེར་གྷི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། རྒྱལ་ཁབ་གཉིས་པོས་ནུས་རྒྱུ་དང་། འགྲིམ་འགྲུལ། ཞིང་ལས་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་ལས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཐུན་མོང་དར་རྒྱས་ཡོང་བར་སྒུལ་ཤུགས་བསྣན་ཡོད། ཀྲུང་གོའི་ཨར་སྐྲུན་དང་། རྡོ་སྣུམ་བཙོ་སྦྱང་། ཨར་འདམ། གཏེར་འདོན་ཁེ་ལས་སོགས་ཀྱིས་ཁེར་གྷི་སི་ཐན་ལ་མ་འཇོག་ལས་དར་བྱེད་པར་ཡོང་ནས་གྲུབ་འབྲས་དངོས་ཐོབ་ཡོད། མ་འོངས་ལ་རྒྱང་ལྟ་བྱེད་སྐབས་ཁེར་གྷི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་ཐུབ།
(རྩོམ་པ་པོ་ནི་ཁེར་གྷི་སི་ཐན་གྱི་འཛམ་གླིང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡིན་པ)