དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲོལ་རྒྱུན་རིག་གནས་དར་སོ་ཇེ་ཆེར་འགྲོ་དོན་ཅི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅི་ཧྥང་ཧྥང་།   |     སྤེལ་དུས།  2024-07-13

    “སྲོལ་རྒྱུན་རིག་གནས་འདི་འདྲའི་དར་སོ་ཆེ་བ་ལ་ཨང”ཞེས་ཉེ་བའི་ལོ་ཤས་རིང་ཧ་ལས་ཧང་སངས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ན་གཞོན་ཚོས་གནའ་བོའི་རྒྱ་ཆས་གྱོན་པ་དང་། གནའ་བོའི་བཟའ་བཏུང་ལ་རོལ་བ། གནའ་བོའི་མི་རིགས་ཀྱི་རོལ་ཆར་བརྟེན་ནས་དེང་སྐབས་དར་ཁྱབ་ཆེ་བའི་གླུ་གཞས་དཀྲོལ་གཏོང་བྱེད་པ། 3Dསྒུལ་བྱེད་འཕྲུལ་འཁོར་སོགས་སྤྱད་དེ་ཁྲང་ཨན་གྲོང་ཁྱེར་གྱི་རྣམ་པ་འདྲ་བཟོ་བྱེད་པ་སོགས་དར་སྲོལ་གསར་པ་སྣ་ཚོགས་ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟབ་མོ་དང་དུས་རབས་ཀྱི་གསོན་ཤུགས་མངོན་ཡོད།

    ན་གཞོན་ཚོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། དེ་དག་ཁོང་ཚོའི་མཛེས་དཔྱད་དགོས་མཁོ་དང་རིན་ཐང་ལྟ་བ་དང་མཐུན་པས་རེད། ཕྱོགས་གཅིག་ནས་ཁོ་ཚོས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་བྱེད་པ་དེ་ནི་རིག་གནས་ཀྱི་གདེང་ཚོད་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཁོང་ཚོས་གྲངས་འཛིན་དུས་རབས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་གནའ་བོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རིམ་བཞིན་ན་གཞོན་མི་རབས་ཀྱི་རྣམ་འགྱུར་དང་རང་གཤིས་མཚོན་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད།

    ན་གཞོན་མི་རབས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་རྩོམ་དང་ཁྱབ་སྤེལ་ཁྲོད་དེང་རབས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཚོན་པར་རྣམ་པ་གསར་པ་ཞིག་བཏོད་ཡོད་ལ། རིག་གནས་ཁྱབ་སྤེལ་ལ་རིག་པ་ཐོལ་སྐྱེས་དང་གསོན་ཤུགས་གསར་པ་ཞིག་ཀྱང་བསྣན་ཡོད།

    དྲ་སྦྲེལ་ལས་སྟེགས་ཀྱིས་རིག་གནས་གསར་གཏོད་ལ་གར་སྟེགས་ཆེན་པོ་མཁོ་འདོན་བྱས་ཡོད། ན་གཞོན་ནི་སྤུས་ལེགས་ནང་དོན་ཐོན་སྐྱེད་བྱེད་མཁན་ཞིག་ཡིན་ཞིང་། ཕྱོགས་གཅིག་ནས་ཞིབ་ཚགས་པའི་སི་བཏགས་འཚེམ་དྲུབ་མ་བཟོ་བའི་སློབ་ཚན་ནས་ཧང་སངས་དགོས་པའི་གནའ་བོའི་རྒྱ་ཆས་བརྗེ་བའི་བརྙན་ཐུང་བར། ཁོང་ཚོས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དང་། བརྙན་ལམ་མཉམ་སྤྱོད་དྲ་ཚིགས། དྲ་ཐོག་རོལ་དབྱངས་ལས་སྟེགས་སོགས་བརྒྱུད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་བརྩམས་ཆོས་མི་དེ་བས་མང་བར་སྟོན་བཞིན་ཡོད། ཕྱོགས་གཞན་ཞིག་ནས་ལས་སྟེགས་ནི་ཆ་འཕྲིན་མཉམ་སྤྱོད་བྱ་ཡུལ་ཁོ་ན་མིན་པར། མཉམ་འགུལ་དང་བརྩེ་སེམས་མཉམ་སྐྱེས་ཀྱི་རིག་གནས་སྡེ་ཁུལ་ཞིག་དེ་བས་ཀྱང་རེད། སྡེ་ཁུལ་ཅན་གྱི་མཉམ་འགུལ་ལམ་སྲོལ་གྱིས་ན་གཞོན་ཚོའི་གསར་རྩོམ་སྤྲོ་སེམས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    གཞོན་ནུ་རྣམས་ནི་ཉིན་རེ་བཞིན་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་འཕོ་འགྱུར་དང་གསར་གཏོད་རང་བཞིན་འཕེལ་རྒྱས་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། མིག་སྔར། གཞོན་ནུ་རྣམས་ལ་རིག་གནས་ཀྱི་ནང་དོན་གསར་རྩོམ་བྱེད་པའི་ཆེད་ལས་རང་བཞིན་ཞན་པ་དང་གཏིང་ཚད་མི་འདང་བ་སོགས་ཀྱི་གནད་དོན་ཕྲད་ནས། ཆེད་ལས་རང་བཞིན་དང་མ་ལག་རང་བཞིན་གྱི་ཤེས་བྱ་སློབ་སྦྱོང་བྱེད་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དགའ་འོས་པ་ཞིག་ལ། ཆེད་ལས་མི་སྣ་དེ་བས་མང་པོས་ཉམས་ལེན་འབད་སྒྲུབ་ཀྱིས་གཞོན་ནུ་ཚོར་དམངས་ཁྲོད་རོལ་མོའི་ཤེས་བྱ་དང་གནའ་བོའི་སྙན་ཚིག་སོགས་ཁྱབ་སྤེལ་བཏང་ནས། གཞོན་ནུ་ཚོགས་སྤྱིའི་རིག་གནས་ཀྱི་ངོ་ཆོད་ཆེ་རུ་གཏོང་བཞིན་ཡོད། “ཕན་ཚུན་རམ་འདེགས་བྱེད་པའི”བྱ་ཐབས་འདི་རིགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་བས་རྒྱ་ཆེ་བའི་དུས་རབས་ཀྱི་གར་སྟེགས་སུ་སྐྱོད་པར་སྐུལ་འདེད་ཆེན་པོ་གཏོང་ཐུབ་རྒྱུ་རེད།

    (རྩོམ་པ་པོ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གསར་འགྱུར་དང་ཁྱབ་སྤེལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།