མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་ཁྲིམས་སྐྱོང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་འདུ་ཤེས་ནི་མི་རྣམས་ཀྱི་ཁྲིམས་སྐྱོང་སྐོར་གྱི་ཤེས་བྱ་དང་། ལྟ་བ། སེམས་ཁམས་བཅས་ཀྱི་སྤྱི་མིང་ཡིན། ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་ནི་སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་འཛུགས་པ་དང་དར་སྤེལ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རྩ་ཁྲིམས་ལ་བརྩི་བཀུར་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བར་ཁྲིད་སྟོན་བྱེད་པ། རྒྱལ་ཁྲིམས་དང་རྩ་ཁྲིམས་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས། རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་སྤྱི་དམངས་བཟང་པོ་ཞིག་བྱེད་དགོས།
ཁྲིམས་སྐྱོང་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བའི་འགག་རྩ་ནི་ཁྲིམས་ལུགས་སློབ་སྦྱོང་བྱས་པ་བརྒྱུད་ཁྲིམས་ལུགས་ཤེས་པ་དང་ཁྲིམས་ལུགས་གོང་དུ་བཀུར་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་མཚམས་ཐིག་གང་དུ་ཡོད་པ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ཁྱབ་ཁོངས་སུ་བྱ་བ་གང་དག་སྒྲུབ་རུང་བ་དང་བྱ་བ་གང་དག་སྒྲུབ་མི་རུང་བ་ཤེས་སུ་འཇུག་རྒྱུ་དེ་རེད། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་འདུ་ཤེས་དང་སློབ་གསོ་གཏོང་སྟངས་གསར་གཏོད་བྱས་ཏེ། ཁྲིམས་སྐྱོང་འདུ་ཤེས་ཀྱི་སློབ་གསོ་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ་དང་གཏིང་ཟབ་བྱས་ནས། ཁྲིམས་སྐྱོང་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ནང་དོན་དུ་བཅུག་ཏེ། མི་དམངས་ཀྱིས་བཅའ་ཁྲིམས་དེ་མི་སེར་གྱིས་ཤེས་པ་དང་། ཁོང་དུ་ཆུད་པ་དང་། བརྩི་སྲུང་ཞུ་བ། བེད་སྤྱོད་གཏོང་བ་བཅས་སུ་འགྱུར་བ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་བཅའ་ཁྲིམས་ལ་སྙིང་དབུས་ནས་གོང་བཀུར་དང་ལྷག་བསམ་ཟོལ་མེད་ཀྱིས་དད་མོས་བྱེད་སེམས་ཆེ་རུ་གཏོང་བ། མི་དམངས་ཡོངས་ཀྱིས་ཁྲིམས་སྐྱོང་ལ་དད་གུས་དང་ཁྲིམས་སྐྱོང་ལག་ལེན་ནན་ཏན་བསྟར་ནས། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ལྷག་བསམ་ཟོལ་མེད་ཀྱི་བརྩི་བཀུར་ཞུ་མཁན་དང་། རང་རྟོགས་ངང་བརྩི་སྲུང་ཞུ་མཁན། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཁན་བཅས་སུ་རང་རྟོགས་ངང་འགྱུར་བར་བྱེད་དགོས།
ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་དོན་ལ་བབས་ས་ནི་ཁྲིམས་ལུགས་སྲུང་བ་དང་བེད་སྤྱོད་བྱས་ནས་ཁྲིམས་སྐྱོང་དེ་དམངས་ཡོངས་ཀྱི་བསམ་གཞིག་བྱེད་སྟངས་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་རིམ་གྱིས་འགྱུར་བར་བྱེད་དགོས། སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་འདུ་ཤེས་བཙུགས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་ཆབས་ཅིག་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་འགན་སྲུང་དང་། བཅའ་ཁྲིམས་དང་འགལ་བའི་བྱ་བ་གང་ཡང་མི་བསྒྲུབས་པར་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་བཅའ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལུགས་སྤྱོད་པ། འགལ་ཟླ་སེལ་སྐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་མི་སྒེར་གྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།
ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་ནི་ཡུན་རིང་དང་རྨང་གཞིའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པ་ལས་དུས་ཐུང་ནང་རང་བཞིན་གྱིས་སྒྲུབ་ཐུབ་པའི་བྱ་བ་ཞིག་མིན། གཞི་རྟེན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་ལག་ལེན་གྱི་ཐབས་ལམ་གསར་གཏོད་བྱེད་པ། དྲིལ་བསྒྲགས་ལས་སྟེགས་སྣ་མང་སྐྲུན་པ་བཅས་བྱས་ནས་གོང་འོག་མཉམ་འགུལ་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་རྣམ་པ་གསར་པ་ཆགས་པར་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་མི་སེར་དཀྱུས་མའི་ཁྱིམ་དུ་དངོས་འབྲེལ་ཁྱབ་པར་བྱས་ཐོག ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྤྱོད་པ་བཅས་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱུན་གཏན་གྱི་གོམས་གཤིས་བཟང་པོ་ཞིག་ཏུ་འགྱུར་བ་བྱེད་དགོས།