དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྲོལ་རྒྱུན་རོལ་རྩེད་ཁྱབ་གདལ་ཆེད། །དགའ་བའི་ལས་ལ་སྤྲོ་བས་འཇུག

    —— གངས་ཟུར་རྟགས་ཅན་བོད་ལུགས་རོལ་རྩེད་ཡོ་ཆས་གསར་གཏོད་བྱེད་མཁན་ལྷ་དབང་དོན་གྲུབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཕུན་ཚོགས་ཉི་སྒྲོན། རིན་ཆེན།   |     སྤེལ་དུས།  2024-07-13

    འདི་ནི་ལྷ་དབང་དོན་གྲུབ་ཀྱིས་རང་གིས་གཉེར་བའི་ཀུང་སིའི་མིང་ཐོག་ནས་གོང་དཀར་རྫོང་རྒན་གསོ་ཁང་གི་རྒན་རྒོན་ལ་འཚམས་འདྲི་བྱེད་བཞིན་པ།

    འདི་ནི་གངས་ཟུར་རྟགས་ཅན་གྱི་བོད་ལུགས་རོལ་རྩེད་ཡོ་ཆས་གསར་གཏོད་བྱེད་མཁན་ལས་གཏོད་པ་ལྷ་དབང་དོན་གྲུབ་ཡིན་པ།

    འདི་ནི་ལས་གཏོད་པ་ལྷ་དབང་དོན་གྲུབ་ཀྱིས་བཟོས་པའི་གངས་ཟུར་རྟགས་ཅན་གྱི་ཀེ་རམ་རོལ་རྩེད་ཡོ་ཆས་ཡིན་པ།

    འདི་ནི་མང་ཚོགས་ཀྱིས་གངས་ཟུར་རྟགས་ཅན་གྱི་ཤོ་ཆས་སྤྱད་ནས་ཤོ་རྩེད་འགྲན་བསྡུར་བྱེད་བཞིན་པ།

    སྤྱི་ཚོགས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། དེང་གི་བོད་ཀྱི་སྐྱེ་བོ་རྒན་དར་གཞོན་གསུམ་ཚང་མས་རྒྱུན་གཏན་གྱི་འཚོ་བ་སྐྱེལ་སྟངས་དང་འཚོ་བའི་སྤུས་ཚད་ལ་དོ་སྣང་དང་དང་དོད་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཁོང་ཚོས་གཟའ་མཇུག་གམ་དུས་ཆེན་སོགས་ཀྱི་ངལ་གསོའི་དུས་ཚོད་སྤྱད་དེ་བོད་ཀྱི་སྲོལ་རྒྱུན་གྱི་རོལ་རྩེད་ལུས་རྩལ་གྱི་རྩེད་མོར་ཞུགས་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་མྱུར་པོའི་བྲེལ་འཚུབ་ཀྱི་ཀློང་དུ། རང་སེམས་གུ་ཡངས་ཡངས་དང་ལྷོད་ཤིག་ཤིག་ཡོང་ཐབས་བྱེད་བཞིན་ཡོད་དེ། འགའ་རེས་ངལ་གསོའི་སྐབས་སུ་ལས་གྲོགས་སམ་དགའ་ཉེ་སྤུན་མཆེད་དང་དུས་བཏབ་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཤོ་རྩེད་དང་། མིག་མངས། སྦག་ཆེན། ཀེ་རོམ་སོགས་ཀྱི་རོལ་རྩེད་ལ་རོལ་བ་དང་། འགའ་རེས་རྐང་རྩེད་སྤོ་ལོ་དང་། ལག་རྩེད་སྤོ་ལོ། སྒྲོམ་སྟེགས་སྤོ་ལོ་སོགས་རྩེ་བཞིན་ཡོད་པས། རོལ་རྩེད་ཀྱི་ལུས་རྩལ་རྣམ་གྲངས་དག་ནི་བོད་མིའི་འཚོ་བ་རོལ་སྟངས་གསར་པ་ཞིག་དང་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    སྔར་ནས་ད་བར་བོད་དུ་ཤོ་རྩེད་དང་མིག་མངས། ཀེ་རོམ། སྦག་ཆེན་སོགས་དར་སོ་ཤིན་ཏུ་ཆེན་པོ་ཡོད་ཅིང་། ཕོ་མོ་རྒན་གཞོན་མི་ཉུང་བ་ཞིག་གིས་རང་ཁྱིམ་དང་། ཕྱི་རོལ། ལམ་འགྲམ། གཡུལ་ཁ་སོགས་ནས་ཞིམ་མངར་ནས་ཀྱི་བདུད་རྩིའི་སྐྱེམས་ཆང་ལོངས་སུ་སྤྱོད་བཞིན་རོལ་རྩེད་ཀྱི་དབྱིངས་སུ་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད། འོན་ཀྱང་། སྐབས་དེ་དུས་རོལ་རྩེད་ཡོ་ཆས་དེ་ཙམ་སྤུས་ཀ་དག་པོ་དང་འཐུས་སྒོ་ཚང་པོ་མེད་དེ། དེ་ཡང་མིག་མངས་ལ་ཆ་བཞག་ན་སྡོང་པོའི་ཡལ་ག་དང་། སོལ་བ། རྡོ་འབིགས། རྡོ་ཕྱེ་དཀར་པོ་སོགས་སྤྱད་དེ་ཐང་དང་། རྡོ་ལེབ། ཤིང་ལེབ་སོགས་ལ་འགྱིག་རིས་བྲིས་ཏེ་འཁྲབ་གཞི་བྱེད་ལ། རྡེའུ་དཀར་ནག་དང་སིལ་ཏོག་གི་ནང་སྙིང་གིས་འགྱིག་རྡེའུ་བྱེད། གང་ལྟར་ཕན་ཚུན་གྱི་འགྱིག་རྡེའུ་མི་ནོར་བ་ཙམ་གྱིས་ཆོག་པར་བྱེད་པ་ལས། རོལ་རྩེད་ཀྱི་ལག་ཆར་དེ་ཙམ་སྣང་བ་གཏོང་གི་མེད། འོན་ཀྱང་། ཉེ་བའི་ལོ་ཤས་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ཇེ་ཆེར་འགྲོ་བཞིན་ཡོད་པས། ཁོང་ཚོས་སྲོལ་རྒྱུན་གྱི་རོལ་རྩེད་ཀྱི་རྩེད་ཆས་དང་ལུས་རྩལ་རྣམ་གྲངས་ཀྱི་སྒྲིག་ཆས་ལ་དང་དོད་ཆེན་པོ་བྱེད་པས་ན། མི་དམངས་མང་ཚོགས་ཀྱི་རོལ་རྩེད་ཀྱི་དགོས་མཁོ་གང་ལེགས་སྐོང་ཆེད། ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་ལུས་རྩལ་ལ་དགའ་མོས་ཆེ་བའི་ལྷ་དབང་དོན་གྲུབ་ཀྱིས་བོད་ལུགས་རོལ་རྩེད་ཡོ་ཆས་ཚོང་ཁང་ཞིག་བཙུགས་པ་རེད།

    གླ་པ་རྒྱུག་ནས་ལག་རྩལ་སྦྱངས།

    ལྷ་དབང་དོན་གྲུབ་1983ལོར་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཁྲང་མགོ་ཤང་དུ་སྐྱེས་ཤིང་། ཁོང་གི་ཕ་མ་གཉིས་ལ་ཁྱོན་ཕྲུ་གུ་ལྔ་ཡོད་པའི་ཁྲོད་ཁོང་ནི་ཕྲུ་གུའི་རྒན་མགོ་རེད། བྱམས་བརྩེ་ལྡན་པའི་ཕ་མ་གཉིས་ཀྱི་གསོ་སྐྱོང་འོག་ལྷ་དབང་དོན་གྲུབ་ཆུང་དུས་ནས་སློབ་སྦྱོང་གི་སྦྱངས་འབྲས་གཟེངས་སུ་ཐོན་པས། སློབ་ཆུང་ཐོན་རྗེས་སྔ་རྗེས་སུ་ཧུའུ་པེ་དང་ཁྲེང་ཏུའུ་རུ་དམའ་འབྲིང་དང་མཐོ་འབྲིང་འགྲིམས། ཡིན་ནའང་མཐོ་རྒྱུགས་གཏོང་ལ་ཁད་ཀྱི་ཉིན་ཞིག་གི་དགོང་མོར། ལྷ་དབང་དོན་གྲུབ་ལ་གློ་བུར་དུ་ཕ་མའི་ཁ་པར་ཞིག་འབྱོར་བས། དེ་མུར་སློབ་མཚམས་བཞག་སྟེ་རང་ཡུལ་དུ་མ་ལོག་དཀའ་མེད་བྱུང་། ཁྱིམ་ལ་སླེབས་རྗེས་ལོ་ན་བགྲེས་པའི་ཨ་མ་དང་མིང་སྲིང་4ལས་ལུས་མེད་པ་མཐོང་དུས། ལྷ་དབང་དོན་གྲུབ་ལ་སྐྱོ་གདུང་ཚད་མེད་སྐྱེས་ཤིང་། རེ་ཞིག་ག་བྱེད་འདི་བྱེད་མི་ཤེས་པར་ལུས། ཕྲུ་གུའི་རྒན་མགོ་ཡིན་པའི་དབང་གིས། ཁྱིམ་ཚང་གི་འགན་འཁྲི་ལྕི་མོ་རང་གི་ཕྲག་ཐོག་ཏུ་ལྷུངས་དུས། ལྗིད་ཏིག་ཏིག་གི་འཚོ་བའི་དཀའ་སྡུག་དང་རང་མཉམ་སློབ་མ་གཞན་དང་འགྲོགས་ནས་མུ་མཐུད་སློབ་གྲྭར་འགྲོ་སྐལ་མ་བྱུང་བའི་ཕངས་སེམས་ཤིག་གིས་ཁོ་པའི་ཡིད་ཀྱི་ནམ་མཁར་སྡུག་གི་སྨུག་སྤྲིན་འཐིབས།

    2004ལོར་ཁྱིམ་ཚང་གི་ལས་དབང་ལ་ཁ་ལོ་སྒྱུར་ཆེད། ལོ་ན་ཕྲ་བའི་ལྷ་དབང་དོན་གྲུབ་ཀྱིས་སེམས་ཐག་ཆོད་པོས་ལྷོ་ཁ་རྩེད་ཐང་ལ་ཞོར་ལས་ཡོང་འབབ་གསོག་པར་བསྐྱོད། སྐབས་དེ་དུས་ཁོ་པར་དབང་བ་ནི་གཞོན་ནུའི་ལུས་ཤེད་ཙམ་ཡིན་པས། 2004ལོ་ནས་2007ལོའི་བར་མགྲོན་ཁང་གི་ཅ་ལག་དབོར་བ་དང་ཆུ་གློག་བཟོས་ནས་བསྡད་པར་ཟླ་རེར་གླ་ཆ་སྒོར་800ལས་མེད། ལྷ་དབང་དོན་གྲུབ་ཀྱིས་བསམ་པར་འགྲན་རྩོད་ཆེ་བའི་སྤྱི་ཚོགས་ཐོག་རྐང་པ་བརྟན་པོ་འཛུགས་དགོས་ཚེ་རང་ཉིད་སོ་སོར་དམིགས་བསལ་གྱི་ཁྱད་ཡོན་དང་འཇོན་ཐང་ཞིག་དགོས་ངེས་ཡིན་པའི་ངེས་ཤེས་རྙེད། 2007ལོ་ནས་འགོ་བཙུགས་ཏེ་སི་ཁྲོན་བ་ཡུའོ་ཧྭ་མིང་གི་དྲུང་དུ་དགེ་ཕྲུག་དང་ལས་མི་གཅིག་ལྕོགས་བྱས་ནས་ལོ་བཞི་བསྡད་ཅིང་། གློག་ཆས་དང་མཱ་ཅང་སྒྲོག་རྩེའི་ཉམས་བཟོའི་ལག་རྩལ་སྦྱངས་པ་རེད། ལྷ་དབང་དོན་གྲུབ་ཀྱིས། དགེ་རྒན་གྱི་དྲུང་ནས་ཡོང་འབབ་གང་ཡང་མེད་པར་ལོ་ཕྱེད་ཙམ་ལག་རྩལ་ཧུར་ཐག་འབད་ཐག་སྦྱངས་པ་ཡིན། དེ་རྗེས་ངས་ཀྱང་ལག་རྩལ་ཤེས་ནས་ཁོང་ལ་རོགས་བྱེད་ཐུབ་པས་ང་ལ་ཟླ་རེར་གླ་ཆ་སྒོར་1200སྤྲད་བྱུང་ཞེས་བརྗོད། སི་ཁྲོན་བ་ཡུའོ་ཧྭ་མིང་དགེ་རྒན་ལ་བསྟེན་ནས་ལག་རྩལ་ལ་ནང་བྱན་ཆུད་སྐབས་ཁོ་པ་ཕོ་ལོ་སུམ་ཅུ་ཟིན་ལ་ཁད། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར་ད་གཟོད་བྱ་གཞག་གསར་གཏོད་བྱེད་རྒྱུའི་བློ་ཐག་བཅད།

    མ་རྩ་གྲབས་ནས་ཚོང་ཁང་བཙུགས།

    མ་གཞི་ཁོ་པ་སྤྱི་ཚོགས་ཀྱི་ལག་ལེན་དངོས་སུ་ཞུགས་ནས་ལོ་དྲུག་ཙམ་སོང་ཡང་། བྱ་གཞག་གསར་གཏོད་ནི་ལས་སླ་པོ་ཞིག་ག་ལ་ཡིན། དེའི་ཐོག་བྱ་གཞག་གསར་གཏོད་བྱེད་པར་མ་དངུལ་དགོས་པས། སྐབས་ཤིག་རིང་། ཁོ་པའི་སེམས་པ་ལྷོད་ལ་འབབ་ཐབས་བྲལ། འོན་ཀྱང་། མི་ལ་སྙིང་རུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་པས། ཁོང་གིས་རང་ཁྱིམ་གྱི་ཞིང་དུད་དངུལ་བུན་ལག་ཁྱེར་ཟངས་བྱང་དེ་ཁྱེར་ནས་དངུལ་ཁང་ནས་ཡིད་རྟོན་སྐྱེད་གསབ་དངུལ་བུན་སྒོར་ཁྲི་5གཡར་བ་དང་། ལོ་དེ་དག་རིང་བསགས་བསགས་གྲུང་གྲུང་བྱས་པའི་སྒོར་ཁྲི་4བཅས་ཁྱོན་བསྡོམས་སྒོར་ཁྲི་9ཁྱེར་ནས་ཐོག་མའི་བྱ་གཞག་གསར་གཏོད་ཀྱི་མ་རྩ་བྱས། ལྷ་དབང་དོན་གྲུབ་ཀྱིས་མ་གཞི་བྱ་གཞག་གསར་གཏོད་ཀྱི་ལམ་བུར་དཀའ་ངལ་དང་སེམས་ཁྲལ་མང་པོ་བྱུང་། འོན་ཀྱང་ང་ལ་སྔ་ས་ནས་བསམ་བློའི་གྲ་སྒྲིག་ཡོད། ངའི་བསམ་པར་རང་ཉིད་ཀྱི་ཤེས་པའི་ལག་རྩལ་གང་ལེགས་སྤྱད་དེ་རང་བློར་བབས་པའི་བྱ་བ་ཞིག་བསྒྲུབས་ཐུབ་ན། དེ་ནི་བདེ་སྐྱིད་ངོ་མ་རེད་བསམས་ཀྱི་འདུག་ཅེས་བརྗོད།

    2009ལོར། ཁོ་པས་མ་རྩ་སྒོར་ཁྲི་9ཁྱེར་ནས་རྩེད་ཐང་དུ་སུང་ལའེ་ཁྱིམ་སྤྱོད་གློག་ཆས་ཚོང་ཁང་ཞིག་བཙུགས་པ་དང་། ཁྱིམ་ཆས་འཚོང་ཞོར་དུ་དེ་དག་ལ་ཉམས་བཟོ་ཡང་བྱེད་ཀྱི་ཡོད། ཁོང་གིས། སྤྱིར་བཏང་བྱས་ན། སྐབས་དེ་དུས་ལྷོ་ཁ་ཡོངས་སུ་མཱ་ཅང་རྒྱག་སའི་སྒྲོག་རྩེ་འཚོང་མཁན་དང་བཟོ་མཁན་གཅིག་ལྕོགས་ཀྱི་བོད་རིགས་ཐོག་མ་ང་ཡིན་གྱི་རེད་ཅེས་སྤོབས་པ་དང་བཅས་བརྗོད།

    ཉ་མོ་རྐྱལ་རྩལ་རྫོགས་པ་ཆུ་མོའི་དྲིན། ནོར་ལུག་ཤ་ཤེད་རྒྱས་པ་རྩྭ་ཁའི་དྲིན་ཞེས་བརྗོད་པ་ལྟར། ལྷ་དབང་དོན་གྲུབ་ཀྱིས་རང་ཉིད་རྐང་པ་བརྟན་པོར་བཙུགས་རྗེས། ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་མ་བརྗེད་པར། ལྷོ་ཁའི་ཉེ་འགྲམ་གྱི་ཞིང་དུད་དབུལ་པོའི་བུ་ཕྲུག་11དགེ་ཕྲུག་དང་ལས་མི་གཅིག་ལྕོགས་བྱེད་དུ་བཅུག་ནས། ཁོ་ཚོར་ཁྱིམ་ཆས་ཉམས་བཟོའི་ལག་རྩལ་བུམ་པ་གང་བྱོའི་ཚུལ་དུ་བསླབས་པ་མ་ཟད། ཁོང་ཚོར་ཟླ་རེར་གླ་ཆ་སྒོར་3000སྤྲོད་ཀྱི་ཡོད། ད་ཆ་ལས་མི་11དེ་དག་རང་རྐྱ་འཕེར་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་ས་ཆ་ཁག་ཏུ་རང་རང་གི་ཚོང་ཁང་བཙུགས་ནས་སྦྱིན་བདག་ཏུ་གྱུར་པ་དང་། དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་མང་པོས་ཁོ་པའི་གམ་དུ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བསགས་པའི་ཡོང་འབབ་ཁྱིམ་དུ་བསྐུར་ཐུབ་པ་བྱུང་སྟེ། ཁྱིམ་གྱི་འཁོས་ཀ་ཇེ་ལེགས་སུ་འགྲོ་བར་རྔོ་ཆེན་པོ་ཐོགས་ཡོད།

    ལྷ་དབང་དོན་གྲུབ་ཀྱིས། སྐབས་དེ་དུས་བྱ་གཞག་གསར་གཏོད་བྱེད་མྱོང་མེད་པས་སེམས་ལ་ཁུར་པོ་ལྕི་མོ་འདུག སེམས་པ་གུ་ཡངས་སུ་གཏོང་ཆེད་ང་རང་དུས་རྒྱུན་ཤོ་དང་མིག་མངས། ཀེ་རམ་ལ་སོགས་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་ལ་ཧ་ཅང་དགའ་པོ་ཡོད། སྤྱིར་ན་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་དེ་དག་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེང་གི་ཆར་ལུས་སེམས་ལྷོད་ལ་བབས་ཐུབ་པའི་ཐབས་ཤེས་ཤིག་ཀྱང་ཡིན་མོད། འོན་ཀྱང་རོལ་རྩེད་ཡོ་ཆས་དེ་དག་བལྟས་ན་ལྟ་སྣང་དོད་པོ་དེ་ཙམ་མེད་པ་དང་། ཐ་ན་སྟབས་བདེ་པོ་དང་འཐུས་སྒོ་ཚང་པོ་མེད་པའི་སྣང་བ་ཞིག་བྱུང་། ངའི་སེམས་ནང་རྗེས་མ་གོ་སྐབས་བྱུང་ཚེ་ཡོ་ཆས་སྤུས་དག་འགའ་ཤས་བཟོས་ནས་ཁྲོམ་རར་འདོན་ཐུབ་པ་བྱེད་པའི་བློ་སྒོ་ཞིག་འཆར་བྱུང་ཞེས་བརྗོད།

    ཁོ་པའི་བསམ་འདུན་མངོན་སུམ་དུ་འགྱུར་ཆེད། 2009ལོ་ནས་2018ལོ་བར་གྱི་ལོ་བཅུའི་རིང་ལ། ཁོ་པས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ས་ཆ་གང་སར་ཕར་རྒྱུག་ཚུར་རྒྱུག་བྱས་ནས་དཀའ་སྡུག་གི་རྔུལ་ཆུའི་ས་བོན་གང་སར་གཏོར་ཞིང་། ཕྱོགས་གཅིག་ནས་ཁྱིམ་ཆས་གང་མང་འཚོང་ཐུབ་ཐབས་བྱས་ནས་མ་རྩ་བསགས་པ་དང་། ཕྱོགས་གཞན་ཞིག་ནས་རང་གི་ཕུགས་འདུན་མངོན་འགྱུར་གང་མགྱོགས་ཡོང་ཆེད། བོད་ཀྱི་སྲོལ་རྒྱུན་རོལ་རྩེད་ཀྱི་ལོ་རྒྱུས་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱས་ནས། ཀྱག་ཀྱོག་གི་མི་ཚེའི་ལམ་བུ་མང་པོར་གདོང་གཏད་དེ་རང་གི་མི་ཚེ་དེ་བས་རིན་ཐང་ལྡན་པ་དང་དེ་བས་དོན་སྙིང་ལྡན་པ་ཞིག་ཡོང་བར་བྱས།

    ལས་གཏོད་བྱས་ནས་ལང་ཚོ་ངོམ།

    2019ལོ་ནི་ཁོ་པར་མཚོན་ན་མི་ཚེའི་ལམ་བུའི་ཁ་ལོ་སྒྱུར་མཚམས་གསར་པ་ཞིག་ཡིན་ཞིང་། ལོ་དེར་ཁོ་པས་གངས་ཟུར་རྟགས་ཅན་གྱི་བོད་ལུགས་རོལ་རྩེད་ཡོ་ཆས་ཁྲོམ་རར་དངོས་སུ་བཏོན། གསར་འགོད་པས་ཁོ་པར་གངས་ཟུར་ཞེས་མིང་འདོཌ་དགོས་པའི་རྒྱུ་མཚན་དྲི་སྐབས། ལྷ་དབང་དོན་གྲུབ་ཀྱིས་གངས་ཟུར་ནི་ངའི་ཁྱིམ་ཚང་གི་མིང་ཡིན་ལ། དེའི་བསྟན་དོན་གཞན་ཡང་གངས་ལྗོངས་རིག་གནས་ཀྱི་ཟུར་ཞིག་ཡིན་པའི་མཚོན་དོན་ཡོད་ཙང་། མིང་འདི་ལྟར་བཏགས་པ་ཡིན་ཞེས་བརྗོད།

    ཐོག་མར་རོལ་རྩེད་ཡོ་ཆས་འཚོང་སྐབས་འཛད་སྤྱོད་པ་མང་པོས་གངས་ཟུར་རྟགས་ཅན་ལ་རྒྱུས་མངའ་ཆེན་པོ་མེད་པ་དང་། ཁོ་པ་རང་ཉིད་ལ་ཆ་མཚོན་ནའང་ཚོང་ལམ་གཏན་འཁེལ་ཞིག་མེད་པས། རོལ་རྩེད་ཡོ་ཆས་བྲིན་ཁ་རྒྱུག་པོ་མ་བྱུང་ཞིང་། དེའི་ཁར་ཟླ་བ་མི་རེ་ངོ་རེར་ལས་མི་དང་ནང་ལ་དངུལ་སྤྲོད་དགོས་སྟབས། ཁོ་པའི་ལྷོག་ལྷོག་ཏུ་འབར་བཞིན་པའི་ཕུགས་བསམ་གྱི་མེ་ལྕེ་ལ་ཆུ་འཁྱག་ཟོམ་གང་བཤོས་པ་ལྟར་རེ་ཆད་དང་འུ་ཐུག་གི་གནས་སུ་གྱར། ཡིན་ནའང་། ཁོ་པས་ཡིད་ཐང་ཆད་ནས་མ་བསྡད་པར་རང་ནུས་ཅི་ལྕོགས་ཀྱིས་མུ་མཐུད་རང་མི་རིགས་ཀྱི་སྲོན་རྒྱུན་རོལ་རྩེད་ཡོ་ཆས་ཀྱི་སྤུས་ཚད་དང་རྒྱུ་ཆ། ཕྱིའི་བཟོ་ལྟ་སོགས་ལ་ལེགས་བཅོས་བྱས་ཏེ། ལྷ་སའི་སྲང་ལམ་གང་སར་འཛུལ་ནས་ཟ་ཁང་དང་། སྦག་ཁང་། སྤྲོ་སྐྱིད་ཁང་སོགས་ལ་ཐོན་རྫས་འོས་སྦྱོར་བྱེད་པར་བྲེལ། འོན་ཀྱང་ཚོང་པ་མང་ཆེ་བས་ཁོང་གི་ཐོན་རྫས་ལ་ཡིད་མ་ཆེས་པའི་རྣམ་འགྱུར་ཞིག་འཛིན་པས། ཉོ་མཁན་ཧ་ལམ་ཉུང་ཉུང་རེད། ལྷ་དབང་དོན་གྲུབ་ཀྱིས། དེ་དུས་ངས་ཐོན་རྫས་ཁོ་ཚོའི་ཚོང་ཁང་ནང་བཞག་པ་དང་། གལ་ཏེ་ཉོ་མཁན་བྱུང་ན་དངུལ་ཕྱི་ཙམ་སྤྲད་ནའང་ཆོག་ཅེས་ཚོང་པ་དེ་དག་ལ་བཤད་མྱོང་། རྗེས་སུ་ཉོ་མཁན་ཁ་ཤས་བྱུང་ནས། ཁོ་ཚོས་ཁོང་གིས་ཐོན་སྐྱེད་བྱས་པའི་རོལ་རྩེད་ཀྱི་ཡོ་ཆས་རྣམས་སྤུས་ཀ་དག་ལ་མིག་ལ་མཛེས་པ་ཤེས་རྗེས་རང་གི་ཉེ་འགྲམ་གྱི་གྲོགས་པོ་གྲོགས་མོ་དང་སྤུན་མཆེད་རྣམས་ལ་འོས་སྦྱོར་བྱས་འདུག་ཅེས་བརྗོད། རིམ་གྱིས་ཁོ་པའི་ཐོན་རྫས་ཁྲོམ་རར་ཁ་ཕྱོགས་ནས་འཛད་སྤྱོད་པ་མང་པོའི་དགའ་བསུ་ཐོབ་པ་དང་། ཚོང་ཤག་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ད་གཟོད་ཁོང་གིས་ལས་གཏོད་ཀྱི་ལམ་བུ་རྒྱ་བསྐྱེད་དེ། 2022ལོར་ལྷ་སའི་སྐུ་འབུམ་ཐང་རྒྱུད་དུ་བོད་ལུགས་རོལ་རྩེད་ཡོ་ཆས་ཚོང་ཁང་ཞིག་བཙུགས།

    ཁོ་པས་ངོ་སྤྲོད་བྱས་པ་ལྟར་ན། མི་རིགས་ཀྱི་སྲོལ་རྒྱུན་རོལ་རྩེད་ནི་མི་རིགས་དེའི་ལོ་རྒྱུས་དང་འཚོ་བའི་དུས་རིམ་མི་འདྲ་བའི་རྗེས་ཤུལ་རེད་ལ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁག་རོལ་རྩེད་ཀྱི་སྲོག་ཏུ་ཞུགས་ཡོད་ཅེས་བརྗོད།

    ད་ཆ་ཁོ་པའི་ཐོན་རྫས་ལ་འཛད་སྤྱོད་པའི་ཁྲོད་དུ་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ་དང་འཐོབ་བཞིན་ཡོད་པས། གཞིས་རྩེ་གཙོ་བོར་བྱས་པའི་ལྷ་ས་དང་། ལྷོ་ཁ་སོགས་སུ་ཚོང་ཤག་མང་པོ་ཡོད་ལ། ལོ་རེའི་ཡོང་འབབ་ཀྱང་སྒོར་ཁྲི་400ལྷག་ཙམ་ཟིན་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་80ནས་90བར་རག་གི་ཡོད། ཁོ་པས་གནས་དེའི་ཞིང་འབྲོག་ཁུལ་གྱི་དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་དང་། སློབ་ཆེན་ནས་ཐོན་པའི་སློབ་མ་མང་པོ་ལས་མིར་བསྡུས་ཏེ་མི་རེར་ཟླ་བ་རེར་སྒོར་4000ནས་6000བར་སྤྲོད་ཀྱི་ཡོད་པ་དང་། ལས་མི་བསྡུ་གང་ཐུབ་བྱས་ཏེ་ཁོ་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པར་འབད་བཞིན་ཡོད། དེས་མ་ཟད་ཁོང་གིས་ད་དུང་མིང་སྲིང་4ཡི་སྣེ་ཁྲིད་དེ་ཁོང་ཚོ་ལྷོ་ཁ་དང་གཞིས་རྩེ་ཁུལ་དུ་ཡན་ལག་ཚོང་ཁང་འཛུགས་སུ་བཅུག་པར། མིང་སྲིང་ཚོའང་ཁོང་དང་འདྲ་བར་ཞིང་པ་ནས་ཚོང་ལས་ཀྱི་སྦྱིན་བདག་ལ་གྱུར་ཏེ་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད།

    མིག་སྔར། ལྷ་དབང་དོན་གྲུབ་ཀྱིས་མུ་མཐུད་དེ་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་ཡོ་ཆས་དང་དེའི་ལོ་རྒྱུས་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་འབད་པ་ལྷོད་མེད་བྱེད་བཞིན་ཡོད་ཅིང་། ཁོང་གིས། གོམ་སྟབས་རྗེས་མར་ངས་མུ་མཐུད་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་རིག་གནས་ཀྱི་སྙིང་བཅུད་སྔོག་འདོན་གཏིང་ཟབ་བྱས་ཏེ། དེའི་རིག་གནས་དང་། ལོ་རྒྱུས། འགྲེམ་དངོས་བཅས་ཚུད་པའི་འགྲེམ་སྟོན་ཁང་ཞིག་འཛུགས་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།