དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དྲ་ཐོག་ཚོང་དོན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་ སྒུལ་ཤུགས་གསར་པ་གོང་འཕེལ་བཏང་བ།

    —— སྙེ་མོ་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་དྲ་ཐོག་ཚོང་དོན་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-12

    གྲོང་གསེབ་དར་རྒྱས་ཡོང་བར་ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་འགག་རྩ་ཡིན། སྙེ་མོ་རྫོང་2017ལོར་རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་གྲས་སུ་ཚུད་པ་ནས་བཟུང་འཐུས་སྒོ་ཚང་བའི་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་དང་། ཟོག་འགྲེམས་ཀྱི“མཐའ་མའི་འགག་གནད”མ་ལག གྲོང་གསེབ་ཀྱི་ཐོན་རྫས་ཡར་སྤྲོད་འཁོར་འབྲེལ་མ་ལག རྫོང་ཁོངས་ཀྱི་དཔལ་འབྱོར་ཤེས་ལྡན་པའི་མ་ལག་བཅས་བཙུགས་པ་བརྒྱུད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྫོང་ཁོངས་དཔལ་འབྱོར་གཏོད་པ་སོགས་ཀྱི་ཐད“སྙེ་མོའི་དཔེ་མཚོན་གསར་པ”བཏོད་ཡོད་པ་རེད།

    དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་བཏོད་ནས་གཅིག་འཐུས་རྣམ་པའི་ཞབས་ཞུ་བསྒྲུབས་པ།

    གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ནི་གྲོང་གསེབ་དར་རྒྱས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པའི་འགག་རྩ་ཞིག་ཡིན་པས། སྙེ་མོ་རྫོང་གིས་ལས་རྣམ་གསར་པ་ཡིན་པའི་དྲ་ཐོག་ཚོང་དོན་གྱི་ལྟེ་བའི་འདུ་ཤེས་དམ་པོར་བཟུང་ནས་ནུས་ཤུགས་ཡོད་རྒུས་དྲ་ཐོག་ཚོང་དོན་ལས་སྟེགས་བཏོད་པ་རེད།

    སྙེ་མོ་རྫོང་གིས་དམངས་གཏོད་བར་མཐོངས་ལ་བརྟེན་ནས་སྙེ་མོ་རྫོང་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་བསྐྲུན་ཏེ་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བགོས་ཁ་གསལ་བཟོ་བ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལུགས་མཐུན་གྱི་ས་ཁོངས་དབྱེ་བ་བཅས་བརྒྱུད་རྫོང་ཁོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་འཛུགས་སྐྲུན་གྱི་འཆར་འགོད་བྱས་ནས་ས་གནས་དེ་གའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་དྲ་ཐོག་ཚོང་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་གཉེར་སྐྱོང་གི་འདེགས་སྐྱོར་བྱས་པ་རེད།

    ཟོག་འགྲེམས་ཀྱི“མཐའ་མའི་འགག་གནད”བསལ་ནས་ཤང་དང་གྲོང་རྡལ་100%ལ་ཁྱབ་པར་བྱས་པ།

    ཟོག་འགྲེམས་ནི་ཐོན་ལས་འཁོར་འབྲེལ་བརྟན་པོ་ཡོང་བའི་རྨང་གཞི་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་རེད། ས་བབ་མཐོ་ཚད་སྨི་4000ཟིན་པའི་ས་མཐོའི་དབུས་རྒྱུད་དུ་གནས་ཀྱང་སྙེ་མོ་རྫོང་གིས་ས་མཐོའི་ཟོག་འགྲེམས་ཀྱི“མཐའ་མའི་འགག་གནད”བསལ་བར་ཚད་བརྒལ་ཆེན་པོ་བྱུང་ཡོད།

    ད་ཆ། སྙེ་མོ་རྫོང་གིས་ཤང(གྲོང་རྡལ)རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ལས་གཉེར་ས་ཚིགས་7དང་དེ་བཞིན་སྲིད་འཛིན་གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་17བསྐྲུན་ནས་གཉེར་སྐྱོང་བྱས་ཤིང་། ཤང་དང་གྲོང་རྡལ་དུ་དྲ་ཐོག་ཚོང་དོན་ཞབས་ཞུ་དང་ཟོག་འགྲེམས་སྡེབ་སྐྱེལ་ཁྱབ་ཚད་100%ཟིན་པ་དང་སྲིད་འཛིན་གྲོང་ཚོར་དྲ་ཐོག་ཚོང་དོན་ཞབས་ཞུ་དང་ཟོག་འགྲེམས་སྡེབ་སྐྱེལ་ཁྱབ་ཚད་50%ཟིན་ནས་རྫོང་དང་གྲོང་གསེབ་ཀྱི་རིམ་གསུམ་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་པོ་ཞིག་ཆགས་ཡོད་པ་རེད།

    ཞིང་ལས་ཐོན་རྫས་ཀྱི་ཡར་སྤྲོད་འཁོར་འབྲེལ་མ་ལག་བསྡུ་སྒྲིལ་བྱས་ནས་སྙེ་མོའི་སྤུས་རྟགས་གཏོད་པ།

    སྙེ་མོ་རྫོང་གི་ཞིང་ལས་ཐོན་རྫས་ཀྱི་ཡར་སྤྲོད་འཁོར་འབྲེལ་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ཡོད།

    རྫོང་ཁོངས་ཞིང་ལས་ཐོན་རྫས་ཀྱི་འཁོར་རྒྱུག་ཚད་ལྡན་ཅན་དང་སྤུས་ཚད་ཚོད་འཛིན་ལ་དམིགས་ནས་ཞིང་ལས་ཐོན་རྫས་ཀྱི་སྐྱེ་ལྡན་དཔང་ཡིག་དང་། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན། ཐོན་སྐྱེད་ཀྱི་ཆོག་འཐུས་ལག་ཁྱེར་གཉེར་བའི་རོགས་སྐྱོར། ཐུམ་སྒྲིལ་ཇུས་འགོད། ཁྲོམ་རའི་འཁོར་རྒྱུག་ཚད་གཞི་བཟོ་བ་སོགས་ཀྱི་རོགས་སྐྱོར་ལས་དོན་སྤེལ་ནས་སྙེ་མོའི་ཞིང་ལས་ཐོན་རྫས་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་ཚད་མཐོ་རུ་བཏང་བ་རེད།

    དེ་དང་ཆབས་ཅིག་སྙེ་མོ་རྫོང་གི་སྤྱི་པའི་སྤུས་རྟགས“ཤེས་རིག་སྤོས་དྲི་ལྡང་བའི་ཕ་ས”ཞེས་པ་དེ་སྐྱེད་སྲིང་བྱས་ནས། སྙེ་མོ་རྫོང་གི་ཁེ་ལས་མཉམ་ལས་ཁང་ལ་རིན་མེད་ངང་སྤྱོད་པའི་དབང་ཆ་སྤྲད་དེ་རྫོང་ཡོངས་ཀྱི་དྲ་ཐོག་ཚོང་དོན་ལས་གཉེར་པས་རྒྱ་ཁྱབ་ངང་སྤྱོད་རྒྱུར་སྐུལ་མ་གཏོང་བ་དང་རྫོང་ཁོངས་ཀྱི་ཐོན་རྫས་གཅིག་གྱུར་ཐུམ་སྒྲིལ་དང་། གཅིག་གྱུར་དྲིལ་བསྒྲགས། གཅིག་གྱུར་ཁྱབ་གདལ་བཅས་མངོན་འགྱུར་ཡོང་བར་བྱས་ཏེ་རྫོང་ཡོངས་ཀྱི་ཞིང་ཞོར་ཡུལ་ཟོག་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། “ཤེས་རིག་སྤོས་དྲི་ལྡང་བའི་ཕ་ས”ཞེས་པའི་སྤུས་རྟགས་མཚོན་རྟགས་ལ་ཚོང་རྟགས་རིགས་23ཐོ་འགོད་ལེགས་གྲུབ་བྱུང་བ་དེས་སྤུས་རྟགས་སྲུང་སྐྱོང་དང་ཁྱབ་གདལ་གཏོང་བར་བཅའ་ཁྲིམས་ཀྱི་རྨང་གཞི་བཏིང་ཡོད།

    རྫོང་ཁོངས་དཔལ་འབྱོར་གྱི་ཤེས་ལྡན་པའི་མ་ལག་འཛུགས་སྐྱོང་བྱས་ནས་ལས་ཞུགས་ཐུབ་ཚད་མང་དུ་བཏང་བ།

    ཤེས་ལྡན་པ་ནི་རྫོང་ཁོངས་ཀྱི་དཔལ་འབྱོར་དང་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་གཙོ་གནད་ཡིན་པར་བརྟེན། སྙེ་མོ་རྫོང་གིས་གསོ་སྦྱོང་དང་མ་ལག་འཛུགས་སྐྱོང་བྱས་པ་བརྒྱུད་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱས་པ་རེད།

    སྙེ་མོ་རྫོང་གིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་གཉེར་པ་དང་། ལས་གཏོད་པ། ཞིང་ལས་དང་འབྲེལ་བའི་ཁེ་ལས་ཀྱི་ལས་དོན་པ། ཞིང་འབྲོག་པ་སོགས་ཚོགས་སྤྱི་མི་འདྲ་བར་དམིགས་ནས་དྲ་ཐོག་ཚོང་དོན་གྱི་སྲིད་ཇུས་དང་། རིགས་པའི་གཞུང་ལུགས། གཉེར་སྐྱོང་། བཀོལ་སྤྱོད་སོགས་ཐད་ཀྱི་གསོ་སྦྱོང་བྱས་ཏེ་ཤང(གྲོང་རྡལ)དང་གྲོང་ཚོའི་ཞིང་འབྲོག་པར་དྲ་སྦྲེལ་ཤེས་རྟོགས་དང་། དྲ་སྦྲེལ་སློབ་སྦྱོང་། དྲ་སྦྲེལ་ལ་བསམ་གཞིག དྲ་སྦྲེལ་སྤྱོད་པ། དྲ་སྦྲེལ་འཕེལ་རྒྱས་བཅས་བྱེད་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།