གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཆབ་ཤང་གི་བོད་བྱ་གསོ་ཚགས་ར་བའི་འགྱུར་ལྡོག
མི་རིང་བའི་གོང་། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཆབ་ཤང་གི་ལས་ཀའི་འཆར་གཞི་ལྟར་གཏིང་སྐྱེས་རྫོང་ཆབ་དེ་ཕོ་བོད་བྱ་གསོ་ཚགས་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ“ཆབ་དེ་ཕོ་ཀུང་སི”ཞེས་བསྡུ་རྒྱུ)བོད་བྱ་གསོ་ཚགས་བྱེད་འདོད་ཡོད་པའི་ཤང་ཡོངས་ཀྱི་དབུལ་སྒྲོལ་དུད་ཚང་ལ་རིན་མེད་པར་བོད་བྱ་ཁག་གཅིག་སྤྲད་ཅིང་། དེའི་དམིགས་ཡུལ་ནི་མང་ཚོགས་དེ་བས་མང་བ་བོད་བྱ་གསོ་ཚགས་ལས་དོན་ནང་ཞུགས་ནས་ཡོང་འབབ་མང་དུ་གཏོང་བར་སྐུལ་ལྕག་གཏོང་ཆེད་རེད། “ཤང་ནས་ང་ཚོར་བོད་བྱ་རིན་མེད་པར་སྤྲད་པ་མ་ཟད། ད་དུང་བོད་སྒོང་ཡང་ཉོ་གི་འདུག བོད་སྒོང་གཅིག་ལ་སྒོར་གཉིས་དང་སྒོར་ཟུར་ལྔ་ནས་སྒོར་གསུམ་བར་རག་གི་འདུག”ཅེས་ཆབ་ཤང་མཁར་རྔ་གྲོང་ཚོའི་མང་ཚོགས་གཡང་སྐྱིད་ཀྱིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་བརྗོད། ཁོང་གིས་གསར་འགོད་པར། ན་ནིང་ཆབ་ཤང་གིས་བོད་བྱའི་ཐོན་ལས་ལ་བརྟེན་ནས་ཡོང་འབབ་མང་དུ་བཏང་སྟེ་ཤང་ཡོངས་ཀྱི་དབུལ་སྒྲོལ་དུད་ཚང་རེར་བགོ་འགྲེམས་སྒོར་1480བརྒྱབ་པ་རེད། དེར་བརྟེན་ད་ལོ་ཡང“བྱ་དེ་ཡག་པོ་གསོས་ནས་ཡོང་འབབ་མང་ཙམ་རག་པའི་གདེང་ཚོད་ཡོད”ཅེས་བཤད།
བོད་བྱའི་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་ནི་ཆབ་ཤང་དུ་བྱ་བ་དཔེ་གསར་ཞིག་མ་རེད། 2016ལོ་ཚུན་དུ་ཆབ་ཤང་གིས་ཆེད་ལས་མཉམ་ལས་ཁང་གི་རྣམ་པར་བརྟེན་ནས་མཁར་རྔ་གྲོང་ཚོར་བོད་བྱ་གསོ་ཚགས་རྟེན་གཞི་བཙུགས་པ་མ་ཟད། གྲོང་མིར་གཡོག་བྱེད་བྱེད་པར་རྩིས་སྤྲད་པ་རེད།
འོན་ཀྱང་རྟེན་གཞི་བསྐྲུན་རྗེས་བསྟུད་མར་ལོ་འགའ་ཤས་གྱོང་གུན་ཕོག་ནས་སྒོ་རྒྱག་དགོས་པའི་གནས་སུ་གྱར་པས། བོད་བྱ་གསོ་ཚགས་ལས་རིགས་ལ་ཞུགས་པའི་ཡུལ་དེ་གའི་མང་ཚོགས་ཀྱི་སེམས་ཤུགས་ཆག་ཡོད། ཆབ་ཤང་གིས་ཀྱང་གྱོང་གུན་གསབ་ཐབས་ཀྱི་ཚོད་ལྟ་བྱེད་མྱོང་ཡོད་ཀྱང་ཕན་འབྲས་དེ་ཙམ་ཡག་པོ་ཐོན་མེད།
གནད་དོན་ཤེས་རྟོགས་བྱེད་པ་ནི་གནད་དོན་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ཕོད་པ་དང་གནད་དོན་རྟོགས་ཤེས་པ་བྱེད་དགོས། 2021ལོར་ཆབ་ཤང་གི་འགོ་ཁྲིད་ཚན་ཁག་སྐབས་གསར་པས་ལས་འགན་འཁུར་རྗེས་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་གོ་སྐབས་སུ་བྱས་ཏེ་རྒྱུ་རྐྱེན་ལ་གཞིགས་ཏེ་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་འགོ་ཚུགས།
“འདྲི་རྟོག་དང་བརྟག་ཞིབ་བྱེད་རིང་། རྟེན་གཞིར་དེ་སྔོན་བོད་བྱ་ཆིག་སྟོང་ལྷག་ཙམ་ཡོད་པ་ནས་བཞི་བརྒྱ་ཙམ་ལས་ལྷག་མེད། དཀའ་གནས་འདི་ལྟ་བུར་གྱར་རྐྱེན་ནི་ཉམས་མྱོང་མི་འདང་བ་དང་དོ་དམ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་རེད།
ཕྱོགས་མང་པོར་འབྲེལ་བ་དང་གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད། མཐར་ཆབ་ཤང་གིས་ཚོང་འགུག་མ་འདྲེན་བརྒྱུད་གསོ་ཚགས་ལག་རྩལ་ཆ་ཚང་བ་དང་། དོ་དམ་ཉམས་མྱོང་ཕུན་སུམ་ཚོགས་པ། གཉེར་སྐྱོང་བྲིན་ཚོང་གི་འཇོན་ཐང་ཆེ་བ་བཅས་ཀྱི་ས་སྐྱ་རྫོང་གཤོང་མ་ཤང་བདེ་རབ་དམངས་ཕན་བོད་བྱ་གསོ་ཚགས་ཚད་ཡོད་ཀུང་སི་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་སྟེ། ཆབ་ཤང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་དང་གསོ་ཚགས་ར་བ་མཁོ་འདོན་བྱེད་པ་དང་། ཀུང་སིས་ཤེས་ལྡན་པ་དང་ལག་རྩལ་དང་བྱ་སོན་དང་མ་དངུལ་ཁག་གཅིག་མཁོ་འདོན་བྱས་ཏེ། དེ་སྔའི་བོད་བྱ་གསོ་ཚགས་རྟེན་གཞིའི་རྨང་གཞིའི་ཐོག་ཆབ་དེ་ཕོ་ཀུང་སི་བཙུགས་ནས“ཀུང་སི+མཉམ་ལས་ཁང+ཞིང་དུད”ཀྱི་གཉེར་སྐྱོང་བྱ་ཐབས་སྤྱད་དེ་ཕུང་གསུམ་པའི་ནོར་དོན་རྩིས་གཉེར་ལས་ཁུངས་ཀྱིས་ནོར་དོན་དོ་དམ་བྱས་པ་རེད།
ཆབ་དེ་ཕོ་ཀུང་སིའི་འགན་འཁུར་བ་པ་སངས་སྒྲོལ་མས། རྫོང་དང་ཤང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཀུང་སིས་དོ་དམ་བྱེད་འགན་འཁུར་རྗེས། གསོ་ཚགས་རྟེན་གཞིར་སྒྱུར་བཀོད་རིམ་སྤོར་བྱས་ཤིང་། ལེ་ལག་ཚང་བའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། རིམས་འགོག་བླང་བྱ་ལག་བསྟར་ནན་པོ་བྱས་པ། ཆེད་ལས་མི་སྣ་དོ་དམ་འཁོར་སྐྱོད་བྱེད་པར་གདན་དྲངས་པ། སྒྲིག་བཀོད་རྙིང་པ་བརྗེས་པ་དང་། བྱ་ཚང་དུ་རང་འགུལ་ལྟོ་སྟེར་དང་། དགུན་དུས་དྲོད་སྲུང་། སྒོང་རུམ་འཕྲུལ་ཆས་སོགས་དེང་རབས་ཅན་གྱི་སྒྲིག་ཆས་བསྒར་ནས་བྱ་དེའི་གསོན་ཚད་དང་སྤུས་ཚད་ལ་འགན་ལེན་བྱས་པ་དང་དུས་མཚུངས། ཐོན་རྫས་སྐྱེད་སྲིང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་ར་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ་ཕྱིར་ཚོང་ཐབས་ལམ་སྔར་བས་ཡངས་སུ་བཏང་བས། མིག་སྔར་ང་ཚོའི་བོད་བྱའི་ལག་ཡོད་གྲངས་འབོར་དང་བཤས་གཏོང་ཚད་བརྟན་པོའི་ངང་འཕར་བཞིན་ཡོད། གོམ་སྟབས་རྗེས་མར་ང་ཚོས་གསོ་ཚགས་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བོད་བྱ་གསོ་ཚགས་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་ཆབ་ཤང་གི་གྲོང་གསེབ་དར་རྒྱས་ཀྱི་ཀ་རྟེན་ཐོན་ལས་སུ་ཧུར་ཐག་འགྱུར་བར་བྱས་ཏེ་མི་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡིན་ཞེས་བཤད།