དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལུང་ཅང་ནགས་ཚལ་བཟོ་ལས་ཚོགས་པའི་སྲུང་སྐར་ནགས་རའི་ནགས་སྲུང་བ་ཝང་ཁའེ།

    རི་བོ་གཉེན་ཉེར་བྱས་ཤིང་ལྗོན་ཤིང་གྲོགས་སུ་བསྟེན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-11

    འདི་ནི་ལུང་ཅང་ནགས་ཚལ་བཟོ་ལས་ཚོགས་པའི་སྲུང་སྐར་ནགས་རའི་ནགས་སྲུང་བ་ཝང་ཁའེ་ཡིས་སྐོར་སྲུང་བྱེད་པའི་ལམ་བར་དུ་ཤིང་སྡོང་ལ་གནོད་འབུ་ཡོད་མེད་བརྟག་དཔྱད་ཐོ་འགོད་བྱེད་བཞིན་པ།

    དབྱར་གཞུང་གི་ལུང་ཅང་ས་གཞི་ཆེན་པོར་ནགས་ཚལ་ཚང་ཚིང་དུ་སྐྱེས་ཤིང་བསིལ་རླུང་དལ་བུར་ལྡང་བ་དང་། གང་སར་སྔོ་ལྗང་གོས་བཟང་གིས་བཀླུབས་ནས་ལྟ་སྣང་དོད་པའི་མཛེས་ཉམས་ཤིག་མངོན།

    སྐྱ་རེངས་ཀྱི་འཛུམ་ཞལ་གྲོལ་མཚམས་སུ་ལུང་ཅང་ནགས་ཚལ་བཟོ་ལས་ཚོགས་པ་ཁྲའེ་ཧོ་ནགས་ལས་ཅུས་ཚད་ཡོད་ཀུང་སིའི་སྲུང་སྐར་ནགས་རའི་ནགས་སྲུང་བ་ཝང་ཁའེ་ཡིས་རྣམ་ཀུན་དང་འདྲ་བར་འགྱིག་ལྷམ་གྱོན་པ་དང་དཔུང་རྟགས་དམར་པོ་བཏགས། ལག་ཏུ་སྒྲ་དུང་བཟུང་སྟེ་སྦག་སྦག་བཞོན་ནས་ལོ་40བསྐྱོད་པའི་ནག་གསེབ་ཀྱི་རྐང་ལམ་ཕྲ་མོ་དེར་ཆས། མི་རིང་བའི་སར་ཁོང་གིས་མི་ཚེ་ཕྱེད་ཀ་ཙམ་རང་གི་མིག་འབྲས་ལྟར་སྲུང་སྐྱོང་བྱས་པའི་ནགས་ར་དེ་རེད།

    འདི་ལོ་ལོ་56ལ་སླེབས་པའི་ཝང་ཁའེ་ནི་དེ་སྔ་ཕུལ་དུ་བྱུང་བའི་ཤིང་གཅོད་བཟོ་པ་ཞིག་རེད། ཤ་རྩི་ཅུང་ཟད་སྨུག་པའི་སྐྱེས་པ་དེས་ལོ་10ཡི་གོང་ཤིང་བཅད་པའི་འདས་དོན་ད་ལྟའང་ཡིད་ལ་གསལ་པོར་དྲན་གྱི་ཡོད་པ་སྟེ།

    “རི་བོའི་ཆགས་རིམ་དང་བསྟུན་ནས་ཤིང་སྡོང་ག་ལེར་ས་ལ་འགྱེལ་སོང”2014ལོའི་ཟླ་3ཚེས་31ཉིན། ལུང་ཤུར་གྱི་གང་སར་གསལ་ལེར་གྲགས་པའི་ཤིང་གཅོད་པའི་བརྡ་བཏང་མ་ཐག་ཝང་ཁའེ་ཡིས་ལུང་ཅང་ནགས་ལས་ཁུལ་དུ་ཤིང་གཅོད་མཚམས་མ་བཞག་གོང་གི་ཤིང་སྡོང་མཐའ་མ་དེ་བཅད། ཉིན་གཉིས་པར་ཧེ་ལུང་ཅང་གི་གཙོ་གནད་གཞུང་ཁོངས་ནགས་ཁུལ་དུ་རང་བྱུང་ནགས་ཤིང་ཚོང་ལས་རང་བཞིན་གྱིས་གཅོད་པའི་ལས་མཚམས་ཁྱོན་ཡོངས་ནས་བཞག་སྟེ་རི་རྒྱ་ནགས་གསོ་བྱེད་པའི་དུས་མཚམས་སུ་སླེབས་པ་དང་ཆབས་ཅིག་ནགས་ལས་བཟོ་པ་ཁྲི་ཁ་ཤས་ཀྱིས་ཀྱང་སོག་ལེ་དང་སྟ་རེ་རྦད་དེ་རྒྱབ་ཏུ་བསྐྱུར།

    ད་ཆ་ཉིན་རེའི་རི་སྟེང་གི་ལས་ཀ་དེ་སྔོན་མ་དང་གཏན་ནས་མི་འདྲ་སྟེ། དབྱར་ཁར་ཤིང་འཛུགས་པ་དང་དགུན་ཁར་གསོ་སྐྱོང་བྱེད་པ་མ་ཟད། ད་དུང་ནགས་ཚལ་གྱི་མེ་སྐྱོན་དང་ཤིང་སྡོང་རྐུ་གཅོད་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ནན་པོ་བྱེད་དགོས་ཀྱི་ཡོད། ཝང་ཁའེ་ཡིས“སྔོན་མ་ང་རང་ཤིང་གཅོད་མཁན་ཡིན་རུང་ད་ལྟ་ཤིང་སྲུང་སྐྱོང་བྱེད་མཁན་དུ་གྱུར་ཡོད”ཅེས་བཤད། ལམ་ཟུར་གྱི་ཡལ་ག་སྐམ་པོ་དང་། ས་ལ་ལྷུང་བའི་ལོ་མ། འགྱིག་སྙིགས་བཅས་གཙང་སེལ་བྱས་ཏེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་ནི་ད་ཆ་ཝང་ཁའེ་ཡི་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྱུར་ཡོད། ཝང་ཁའེ་ཡིས“ཁ་རྒྱུན་དུ‘མེ་སྟག་ཆུང་ཡང་རི་བོ་འཚིག་ཐུབ’ཅེས་བརྗོད་ཀྱི་ཡོད། དེར་བརྟེན་ད་ལྟ་ངའི་ལས་འགན་ཧ་ཅང་གལ་འགངས་ཆེན་པོ་ཡོད”ཅེས་གད་མོ་འཚེར་འཚེར་དུ་བཤད།

    མི་ཕལ་པ་ཞིག་གིས་བལྟས་ན་དེ་ལྟ་བུའི་ལས་ཀ་ནི་ཆོ་མེད་ཞིག་ཡིན་རུང་ཝང་ཁའེ་ལ་མཚོན་ན་དེ་ལས་དོན་སྙིང་ལྡན་ལ་སྤྲོ་སྣང་ཆེ་བ་ཞིག་མེད། “རྩྭ་རྩི་ཤིང་ཚུན་ཆད་ནས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དང་ཁྱད་མེད”ལོ་བཅུའི་རིང་ཝང་ཁའེ་ཡིས་སྤྱི་ཆིང་1109.6ཟིན་པའི་དོ་དམ་སྲུང་སྐྱོང་འགན་འཁྲིའི་ཁུལ་གྱི་ལ་ཀླུང་རེ་རེ་དང་ནགས་ས་རེ་རེར་ལྷམ་མཐིལ་ཟད་ཟད་བར་དུ་བསྐྱོད་ཡོད། “ཤིང་གཅོད་མཚམས་བཞག་ནས་ལོ་10སོང་རིང་ང་ཚོའི་ནགས་ཁུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད”ཅེས་ནགས་སྐོར་ལ་འགྲོ་བའི་ལམ་བར་དུ་ཝང་ཁའེ་ཡིས་ག་ལེར་ཁ་སྒོ་ཕྱེ་ནས་ལྷུག་པོར་བཤད། ད་ཆ་བལྟས་བལྟས་རིག་རིག་ལ་ནགས་ཚལ་ཇེ་སྟུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ད་དུང་རྟག་ཏུ་ཁ་ཤྭ་དང་རི་བྱ་སོགས་ཀྱང་མཐོང་རྒྱུ་ཡོད། “ནགས་ཚལ་སྟུག་པ་དང་། སྨུག་པ་འཁྲིགས་པ། མི་རྣམས་ནགས་གསེབ་ཏུ་འཛུལ་མ་ཐག་མཁའ་རླུང་བརླན་བཤེར་ཆེ་བ”བཅས་ཀྱི་སྣང་ཚུལ་སླར་ཡང་མཐོང་སྐབས་ཁོང་གི་ཡིད་སེམས་དགའ་བ་འབུམ་གྱིས་བརྟས།

    རི་རྩེར་འཛེགས་སྐབས་སྣ་ལམ་དུ་གསོམ་ཤིང་གི་དྲི་ཞིམ་འཐུལ་ཞིང་རྣ་བའི་བུ་གར་འདབ་ཆགས་ཀྱི་སྐད་སྙན་ལྷང་ལྷང་དུ་གྲགས་འོང་བ་དང་། མིག་ལམ་དུ་མངོན་པ་ནི་ཚང་ཚིང་ནགས་ཚལ་གྱིས་བརྒྱན་པའི་མུ་ལ་མུ་ཁྱུད་ཀྱི་རི་བོ་དག་རེད། ཝང་ཁའེ་ཡིས་ནགས་ཁུལ་ཞིག་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར“ནགས་ཚལ་ཅུང་སྲབ་པ་ཡོད་ས་དེའི་ཤོང་སྡོང་སྔོན་མ་ངས་བཅད་པ་ཡིན་ལ་ད་ཆ་ངས་བཏབ་པ་རེད། རང་ཉིད་ཀྱིས་བཏབ་པའི་སྡོང་ཕྲུག་རེ་རེ་བཞིན་གསོན་ནས་ནགས་ཚལ་དུ་གྱུར་པ་མཐོང་སྐབས་སེམས་གཏིང་ནས་སྤོབས་པ་སྐྱེ་གི་འདུག”ཅེས་བཤད།

    རི་བོ་གཉེན་ཉེར་བྱས་ཤིང་ལྗོན་ཤིང་གྲོགས་སུ་བསྟེན། “ང་རང་སྐྱེས་ས་འཚར་ས་འདི་གར་ཡིན་པས། ནགས་ར་འདི་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱས་ནས་སྔར་ལས་མཛེས་སྡུག་དང་སྔོ་ལྗང་ཅན་དུ་འགྱུར་བ་བྱ་རྒྱུ་ནི་ངའི་བསམ་འདུན་ཆེ་ཤོས་དེ་ཡིན”ཞེས་ཝང་ཁའེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།