དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དབུན་ཀྲོའུ་ཡི་གསོ་རིག་རིགས་གཅིག་མཁས་ཅན་གྱིས་དྲན་པ་ཐོར་བའི་ཡུལ་སྐོར་བ་ཞིག་མྱུར་སྐྱོབ་བྱས་པ།

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྨན་པའི་བྱམས་སེམས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-11

    ཟླ་7པའི་ལྷ་སར་གནམ་གཤིས་ཚ་གྲང་སྙོམས་ལ་ཡུལ་ལྗོངས་ཀྱང་མཛེས་སྡུག་ལྡན་པས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཡོད། ཟླ་7ཚེས་8ཉིན་གྱི་དགོང་མོར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡུལ་སྐོར་བས་ཁེངས་པའི་ནང་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་སྨན་བཅོས་སྤྱི་ཕན་བྱེད་སྒོར་ཞུགས་མཁན་ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་གྱི་གསོ་རིག་རིགས་གཅིག་མཁས་ཅན་ཚོའང་ཚུད་ཡོད། ཉིན་དེའི་ས་སྲོས་སུ་ཁོང་ཚོ་ལྷ་སར་འབྱོར་མ་ཐག་ཡིན་ནའང་ཕོ་བྲང་པོ་ཏ་ལའི་སྙན་གྲགས་སྔ་ས་ནས་ཐོས་པས་དགོང་ཟས་བཟས་ཚར་རྗེས་ངལ་གསོ་ཡང་མི་བརྒྱབ་པར་ཐད་ཀར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཚན་ལྗོངས་ལ་ལྟ་བར་བསྐྱོད།

    ཚང་མས་འཆམ་འཆམ་བྱེད་ཞོར་དུ་ཕོ་བྲང་པོ་ཏ་ལའི་མཚན་ལྗོངས་ལ་བསྔགས་བརྗོད་བྱེད་སྐབས། མཉམ་དུ་ཡོད་པའི་དབུན་ཀྲོའུ་གསོ་རིག་སློབ་ཆེན་ཞོར་གཏོགས་མིག་ནད་སྨན་ཁང་གི་ཀྲུའུ་རེན་གཞོན་པ་སྨན་པ་བཀའ་བཅུ་པ་ལི་ཅིན་དབྱང་གིས་མི་རིང་བའི་སར་ལོ་40ལྷག་ཙམ་ལ་སླེབས་པའི་ཡུལ་སྐོར་བ་བུད་མེད་གཅིག་གློ་བུར་དུ་འགྱེལ་བས་ནང་མི་ག་བྱེད་འདི་བྱེད་མེད་པར་གྱུར་པ་མཐོང་།

    གནས་ཚུལ་དེ་མཐོང་འཕྲལ་ལི་ཅིན་དབྱང་དང་ལས་རོགས་ཚོས་ལམ་སེང་གནས་ཚུལ་ཐོན་སར་བསྐྱོད། “ཚང་མ་ཕར་བཤིག་རོགས་གནང་། ང་ཚོ་ནི་ཀྲེ་ཅང་དབུན་ཀྲོའུ་ནས་ཡོང་བའི་སྨན་པ་ཡིན། སྔོན་ལ་ནད་པའི་གཟུགས་པོའི་གནས་ཚུལ་ལྟ་རུ་འཇུག་རོགས”ཞེས་སྨན་པ་ཡིན་པ་བཤད་རྗེས་ལི་ཅིན་དབྱང་གིས་ནད་པའི་གནས་ཚུལ་ལ་བརྟག་དཔྱད་བྱེད་ཀྱིན་ནད་པའི་ནང་མིར་སེམས་གསོ་ཡང་བཏང་ནས། 120ལ་ཁ་པར་རྒྱག་དགོས་ལུགས་བརྗོད་པ་དང་ཆབས་ཅིག་ནད་པའི་མགོ་དང་རྐང་པ་འདྲོང་པོར་བཞག་སྟེ་རྨས་སྐྱོན་ཐེངས་གཉིས་པ་མི་ཕོག་པ་བྱེད་དགོས་པའི་མངགས་བཅོལ་བྱས་པ་དང་། ད་དུང་ལག་ཏུ་འཁྱེར་བའི་གསོ་རླུང་ལྕགས་དམ་ནས་ནད་པར་གསོ་རླུང་ཡང་རྔུབ་ཏུ་བཅུག

    སྐར་མ་10ལྷག་ཙམ་མྱུར་སྐྱོབ་བྱས་པ་བརྒྱུད། ནད་པའི་གནས་ཚུལ་རིམ་བཞིན་ཇེ་ཡག་ཏུ་ཕྱིན་ནས་དྲན་པ་གསོ་སྐབས་དབུན་ཀྲོའུ་གསོ་རིག་རིགས་གཅིག་མཁས་ཅན་དང་བཅས་པ་སེམས་པ་ལྷོད་ལ་བབས། མྱུར་སྐྱོབ་རླངས་འཁོར་འབྱོར་རྗེས་ཁོང་ཚོ་གཞི་ནས་ཁ་བྲལ། ཤེས་རྟོགས་བྱུང་བར་གཞིགས་ན། བུད་མེད་དེ་ཡུལ་སྐོར་བ་ཞིག་ཡིན་པ་དང་གནས་ཚུལ་མ་ཐོན་གོང་གནམ་གྲུ་བབས་མ་ཐག་ཨར་ཁང་དུ་ངལ་གསོ་ཡང་མི་བརྒྱབ་པར་འཕྲལ་དུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡོང་བས། ལ་དུག་བརྒྱབ་ནས་འགྱེལ་བ་ཞིག་རེད།

    དབུན་ཀྲོའུ་གསོ་རིག་རིགས་གཅིག་མཁས་ཅན་ཁྲོད་ཀྱི་སྨན་པ་མི་ཉུང་བ་ཞིག་ཀྱང་ལྷ་སར་སླེབས་ཙམ་ཡིན་པས། ད་དུང་ཡང་ལ་དུག་རྦད་དེ་བསངས་མེད། དེ་འདྲ་ཡིན་ནའང་ཁོང་ཚོས་སྔར་བཞིན་ཐེ་ཚོམ་སྤུ་ཙམ་མེད་པར་ཉེན་ཁའི་གནས་སུ་གྱར་པའི་མང་ཚོགས་མྱུར་སྐྱོབ་བྱས་པ་དང་ཐ་ན་རང་ཉིད་ཀྱི་གསོ་རླུང་ལྕགས་དམ་ཡང་མང་ཚོགས་ལ་སྤྲད། “ནད་པར་རོགས་སྐྱོབ་བྱེད་རྒྱུ་ནི་སྨན་པའི་བསྙོན་མེད་ལས་འགན་ཞིག་རེད་ལ། འདོར་ཐབས་མེད་པའི་འགན་འཁྲི་ཡང་རེད། སྐབས་དེ་དུས་གནས་ཚུལ་ཛ་དྲག་ཆེ་བས་བསམ་བློ་གཞན་དག་གཏོང་ཁོམ་མ་བྱུང་། སྨན་པ་གཞན་དག་ཡིན་ནའང་ད་ག་རང་བྱེད་ཀྱི་རེད”ཅེས་ཁོང་ཚོའི་ཁྲོད་ཀྱི་དབུན་ཀྲོའུ་ཡི་གསོ་རིག་རིགས་གཅིག་མཁས་ཅན་ཞིག་གིས་དེ་ལྟར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།